ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོས་ཨ་མེ་རི་ཁའི་ཙུང་ཐུང་གི་གཏམ་བརྗོད་ལ་ཡིད་ཆད་པའི་ཚུལ་བསྟན། 
2019.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཕེའོ་ཀྲིན་ཐེན་གྱིས་ཚེས་བཞིའི་ཉིན་བཤད་རྒྱུར། ཁོ་རང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་གསུམ་ཉིན་སྤེལ་བའི་ཁྲའོ་ཞན་དང་འབྲེལ་བའི་གཏམ་བརྗོད་དེར་ཡིད་ཆད་ཡོད་པ་དང་། ཁྲའོ་ཞན་གྱིས་འབྱུང་སྲིད་པའི་བདེ་འཇགས་འཇིགས་ཉེན་ཐད་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཚེས་གསུམ་ཉིན་ལོན་ཏོན་ནས་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་སྐབས་སུ་ཁྲའོ་ཞན་ལ་དྲག་ཤུགས་སྤྱོད་སྲིད་པའི་བསམ་ཚུལ་བསྟན་པར་དམིགས་ནས། ཕེའོ་ཀྲིན་ཐེན་གྱིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཁྲའོ་ཞན་ལ་དྲག་ཤུགས་བྱ་སྤྱོད་གང་རུང་སྤེལ་ན། ཁྲའོ་ཞན་གྱིས་དགོས་ངེས་ཀྱི་ཆུ་ཚད་སྟེང་ནས་མྱུར་མོར་རྒོལ་ལན་སློག་པའི་འགུལ་སྐྱོད་སྤེལ་ངེས་ཡིན་པ་ངས་གསལ་བོར་བརྗོད་པ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་རང་གི་དྲག་ཤུགས་བེད་སྤྱོད་བྱེད་པ་ནི་ཨ་མེ་རི་ཁ་ཁོ་ནའི་ཁྱད་དབང་མིན་ཟེར། 

ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ད་ལོའི་ཟླ་བཞི་བར་བསྟན་དོན། ཨ་མེ་རི་ཁས་ད་ལོའི་ལོ་མཇུག་གི་སྔོན་དུ་དངོས་གཉེར་བབ་བསྟུན་གྱི་བྱེད་ཐབས་སྤྱད་དེ་ཁྲའོ་ཞན་དང་མཉམ་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གྲོས་མཐུན་འགོད་དགོས། དེ་ལྟ་མིན་ཚེ་ཁྲའོ་ཞན་གྱིས་བགྲོད་ལམ་གསར་བ་ཞིག་གསར་གཏོད་བྱ་ངེས་ཡིན་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།