​ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཀུང་ཆཱ་ལུའུ་ཁི་ཡིས་མུ་མཐུད་དུ་ཙུང་ལིའི་འགན་ཁུར་དགོས་པའི་རེ་བ་བཏོན།
2020.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅུ་བདུན་ཉིན་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་པའི་ཙུང་ལི་ཀུང་ཆཱ་ལུའུ་ཁི་དང་གྲོས་མོལ་བྱས་ཏེ། ཀུང་ཆཱ་ལུའུ་ཁི་ཡིས་མུ་མཐུད་དུ་ཙུང་ལིའི་འགན་ཁུར་དགོས་པའི་རེ་བ་བཏོན། 

ཙེ་ལེན་སི་ཅི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཁོས་ཀུང་ཆཱ་ལུའུ་ཁིའི་ལས་ཁུར་དགོངས་ཞུའི་རེ་འདོད་ལ་བསམ་བློ་བཏང་ཡང་། ད་ལྟ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ལ་ཟང་ཟིང་གི་རྣམ་པ་འབྱུང་མི་རུང་། ཁོས་ཀུང་ཆཱ་ལུའུ་ཁི་དང་དེས་མགོ་ཁྲིད་པའི་སྲིད་གཞུང་ལ་ཡིད་ཆེས་བྱས་ཡོད་སྟབས། ཀུང་ཆཱ་ལུའུ་ཁི་དང་དེས་མགོ་ཁྲིད་པའི་སྲིད་གཞུང་ལ་ཡང་བསྐྱར་གོ་སྐབས་ཤིག་སྟེར་རྒྱུ་ཐག་བཅད་པ་ཡིན་ཟེར། 

ཙེ་ལེན་སི་ཅི་ཡིས་ཀུང་ཆཱ་ལུའུ་ཁི་ཡིས་སྲིད་གཞུང་གི་དོ་དམ་ལ་ཤུགས་སྣོན་བྱས་ཤིང་། ནུས་པ་ཆེར་མི་ཐོན་པའི་དཔོན་རིགས་བརྗེ་སྤོར་བྱས་ཏེ་སྲིད་གཞུང་གི་ལས་ཁུངས་རེ་འགའ་ཡང་བསྐྱར་སྒྲིག་འཛུགས་བྱེད་དགོས་པའི་རེ་བ་བཏོན། ཙེ་ལེན་སི་ཅི་ཡིས་ད་རུང་ཀུང་ཆཱ་ལུའུ་ཁི་ཡིས་ཏང་ཁག་སོ་སོའི་གྲོས་མི་དང་གྲོས་ཁང་གི་ཨུ་ཡོན་ལྷན་ཁང་སོ་སོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། 

ཙེ་ལེན་སི་ཅི་ཡིས་ཀུང་ཆཱ་ལུའུ་ཁི་ཡིས་གནད་དོན་གལ་ཆེན་རབ་དང་རིམ་པར་ཐག་གཅོད་བྱེད་དགོས་པ་དང་། ཁྱད་པར་དུ་སྲིད་གཞུང་སྡེ་ཁག་དང་རྒྱལ་དབང་ཁེ་ལས་སོགས་ལས་ཁུངས་ཀྱི་འགན་ཁུར་བའི་ཟླ་ཕོགས་བཅོས་བསྒྱུར་སོགས་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། 

ཀུང་ཆཱ་ལུའུ་ཁི་ཡིས་ཙེ་ལེན་སི་ཅི་ཡིས་ཡིད་ཆེས་བྱས་པར་བཀའ་དྲིན་ཞུས་པ་དང་། ཁོ་དང་ཁོའི་ཚོགས་ཁག་གིས་ཙུང་ཐུང་གིས་བསྒྲགས་པའི་ལས་འགན་ལག་བསྟར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།