ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཡོ་ནན་གྱི་ཡཱ་ཀྲོང་ནས་སྤེལ།
2020.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་ཡོ་ནན་དབུས་ཕྱོགས་ཀྱི་ཆིན་ཧི་ཞིང་ཆེན་གྱི་ཡཱ་ཀྲོང་ནས་སྤེལ། གྲོས་ཚོགས་ལ་ཞུགས་པའི་མི་སྣས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཕྱི་ཕྱོགས་འབྲེལ་བ་དང་ས་ཁོངས་ཀྱི་སྒྲོམ་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་སོགས་ལ་གྲོས་བསྡུར་བྱས། 

ཡོ་ནན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྥན་ཕེན་མེན་གྱིས་ཚེས་བཅུ་བདུན་ཉིན་སྤེལ་བའི་གྲོས་ཚོགས་གྲུབ་འབྲས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནས་ད་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་བྱ་བའི་གཙོ་གནད་ལ་གྲོས་བསྡུར་བྱས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཉིས་སྟོང་ཉི་ཤུ་ལོའི་བརྗོད་སྙིང་ལ་དམིགས་ཏེ་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། སྔོན་དཔག་གི་གྲུབ་འབྲས་ཐོབ་པར་བྱེད་པའི་ཐད་ནས་ཚོགས་ཞུགས་མི་སྣ་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཧྥན་ཕེན་མེན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་བལྟས་ན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མཐུན་སྒྲིལ་དང་གོང་བུར་འདྲིལ་ཤུགས་ལ་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་ཉོ་ཚོང་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་མཉམ་འབྲེལ་དང་ས་ཁུལ་གཞན་པའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། རང་སྟེང་གི་རྒྱལ་སྤྱིའི་སྣང་བརྙན་དང་དོ་སྣང་ཐོབ་པའི་ཚད་ཇེ་མཐོར་བཏང་སྟེ། ཧུར་ཐག་སྒོས་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ལས་བྱུང་བའི་གོ་སྐབས་དང་འགྲན་རྩོད་ཐག་གཅོད་བྱེད་དགོས་པར་འདོད། 

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་ཕྱོགས་མཉམ་ལས་ཐད་ནས་ཧྥན་ཕེན་མེན་གྱིས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་མཛའ་མཐུན་མཉམ་ལས་ཆིངས་ཡིག་ནི་ས་ཁུལ་རང་གི་རྒྱལ་ཁབ་བར་གྱི་འབྲེལ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་ཡིན་པ་བསྐྱར་སྒྲོག་བྱས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་མིན་པའི་རྒྱལ་ཁབ་དག་ཆིངས་ཡིག་དེའི་ནང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། དེའི་ཞོར་དུ་རྒྱལ་ཁབ་གཞན་པས་གཅིག་འབྲེལ་གཅིག་བརྟེན་དང་རྒྱུན་མཐུད་འཕེལ་རྒྱས། དཔལ་འབྱོར་སོགས་ཁྱབ་ཁོངས་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་དངོས་གཉེར་མཉམ་ལས་སྤེལ་དགོས་པའི་སྐུལ་མ་བཏང་།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།