ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཨར་པཱ་ནི་ཡཱ་དང་མཱ་ཆི་ཏོན་བྱང་མའི་མགོ་ཁྲིད་པས་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་གནད་དོན་ལ་གྲོས་བསྡུར་བྱས།
2020.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཚེས་ཉེར་བཞིའི་ཉིན་ཨར་པཱ་ནི་ཡཱ་དང་མཱ་ཆི་ཏོན་བྱང་མར་འཚམས་འདྲི་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཨར་པཱ་ནི་ཡཱ་དང་མཱ་ཆི་ཏོན་བྱང་མ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས། 

མུས་ཞེ་ཨར་གྱིས་ཉིན་དེར་ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། མུས་ཞེ་ཨར་གྱིས་བཤད་རྒྱུར། ཨར་པཱ་ནི་ཡཱ་དང་པཱ་ཨར་ཀན་ནུབ་མ་ས་ཁུལ་གྱི་མ་འོངས་པ་ཡོ་རོབ་གླིང་ལ་ཁ་ཕྱོགས་དགོས། ཡོ་རོབ་གླིང་མནའ་འབྲེལ་དུ་བགྲོད་སའི་ལམ་བུར་བཅོས་བསྒྱུར་དང་དེང་རབས་ཅན། ཁྲིམས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་མཁོ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མ་འོངས་པའི་གཟའ་འཁོར་འགའི་ནང་ཡོ་རོབ་གླིང་མནའ་འབྲེལ་རྒྱ་བསྐྱེད་པའི་འཐབ་ཇུས་གསར་བར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 

ལཱ་མཱ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨར་པཱ་ནི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་གྲོས་མོལ་མགོ་རྩོམ་པའི་གནད་དོན་ཐད་ནས་ཆོད་དོན་ཅི་འདྲ་སྤེལ་ཡང་། ཨར་པཱ་ནི་ཡཱ་ཡིས་རྒྱལ་ཁབ་རང་ཉིད་ལ་སྔར་ལས་བཟང་བའི་མ་འོངས་པ་ཞིག་ཡོད་པའི་ཆེད་དུ་མུ་མཐུད་དུ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ངེས་ཡིན་ཟེར། 

མུས་ཞེ་ཨར་གྱིས་ཉིན་དེར་མཱ་ཆི་ཏོན་བྱང་མར་འཚམས་འདྲི་བྱས་པ་དང་། སོ་སོར་མཱ་ཆི་ཏོན་བྱང་མའི་ཙུང་ཐུང་ཕིན་ཏཱ་ལོ་ཧྥུའུ་སི་ཅི་དང་ཙུང་ལི་སི་ཕཱ་སོ་ཧྥུའུ་སི་ཅི་གཉིས་བར་གྲོས་མོལ་བྱས། མུས་ཞེ་ཨར་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཁོའི་མཱ་ཆི་ཏོན་བྱང་མའི་འགྲུལ་བཞུད་ནི་མཱ་ཆི་ཏོན་བྱང་མར་བརྡ་ཞིག་གཏོང་བ་དང་། མཱ་ཆི་ཏོན་བྱང་མས་མུ་མཐུད་དུ་བཅོས་བསྒྱུར་བྱེད་པར་སྐུལ་མ་གཏོང་བའི་ཆེད་དུ་ཡིན་ཟེར། 

ཕིན་ཏཱ་ལོ་ཧྥུའུ་སི་ཅི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་ནི་མཱ་ཆི་ཏོན་བྱང་མའི་འཐབ་ཇུས་དམིགས་འབེན་ཡིན་ཞིང་། མཱ་ཆི་ཏོན་བྱང་མས་དམིགས་འབེན་དེ་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན། ཟླ་གསུམ་པར་ཡོ་རོབ་གླིང་མནའ་འབྲེལ་རྒྱ་བསྐྱེད་པའི་འཐབ་ཇུས་གསར་བར་གྲོས་འཆམ་བྱུང་རྗེས་མྱུར་མོར་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་གྲོས་མོལ་སྤེལ་མགོ་རྩོམ་པའི་འཕྲིན་བཟང་འབྱུང་བར་རེ་སྒུག་བྱས་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།