ཕུའུ་ཅིན་གྱིས་ཨུ་རུ་སིའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡས་ཐག་བཅད་རྗེས་ད་གཟོད་ནུས་ལྡན་དུ་འགྱུར་སྲིད་པའི་ཚུལ་བསྟན།
2020.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དེར་ངེས་པར་དུ་དམངས་ཡོངས་ཀྱིས་བརྡས་ཐག་བཅད་རྗེས་ད་གཟོད་ནུས་ལྡན་དུ་འགྱུར་སྲིད་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་རྩོམ་འབྲི་བྱ་བའི་ཚན་ཆུང་གི་ཁོངས་མིར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ལུགས་ཡིན་པ་དང་། རྩ་ཁྲིམས་ཀྱི་བཟོ་བཅོས་བྱེད་པའི་ནང་དོན་དང་ལས་རིམ་ནི་ལག་རྩལ་རིམ་པའི་གནད་དོན་ཡིན། གལ་ཆེ་བ་ནི་ཨུ་རུ་སིའི་སྤྱི་དམངས་ཀྱིས་འདེམ་ཤོག་འཕངས་ཏེ་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ཡིད་འཐད་ཡིན་མིན་ཐག་གཅོད་དགོས། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ཨུ་རུ་སིའི་སྤྱི་དམངས་ཡིད་འཐད་བྱུང་བའི་གནས་ཚུལ་འོག་ད་གཟོད་ནུས་ལྡན་དུ་གྱུར་སྲིད་པ་དང་། དེ་མིན་ནུས་ལྡན་དུ་འགྱུར་མི་སྲིད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། འབྲེལ་ཡོད་ལས་རིམ་ལྟར་ན། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དེར་ཐོག་མར་གྲོས་ཁང་ཞོལ་མས་གྲོས་མཐུན་འགོད་དགོས་པ་དང་། དེ་ནས་གྲོས་ཁང་གོང་མས་བརྡས་ཐག་གཅོད་དགོས། དེའི་རྗེས་སུ་ཨུ་རུ་སིའི་ས་གནས་གྲོས་ཁང་སུམ་ཆའི་གཉིས་ཡིད་འཐད་བྱུང་རྗེས། མཇུག་མཐར་སྤྱི་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་དུ་སྤྲོད་དགོས་ལ། སྤྱི་དམངས་ཡོངས་ཀྱིས་བརྡས་ཐག་བཅད་རྗེས་ཨུ་རུ་སིའི་ཙུང་ཐུང་གིས་མིང་བཀོད་ཚེ་ནུས་ལྡན་དུ་གྱུར་བ་ཡིན། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཕུའུ་ཅིན་གྱིས་ཨུ་རུ་སིའི་གྲོས་ཁང་གོང་ཞོལ་གཉིས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་སྐབས་རྩ་ཁྲིམས་བཟོ་བཅོས་བྱེད་པའི་གྲོས་གཞི་བཏོན་པ་དང་། ཟླ་དང་པོའི་ཚེས་ཉི་ཤུའི་ཉིན་ཕུའུ་ཅིན་གྱིས་ཨུ་རུ་སིའི་གྲོས་ཁང་ཞོལ་མར་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་སྤྲད། ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ཨུ་རུ་སིའི་གྲོས་ཁང་ཞོལ་མས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ཨུ་རུ་སིའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལས་སྲིད་སྐྱོང་ལམ་ལུགས་དང་སྤྱི་དམངས་ཀྱི་འགྲོ་མིའི་ཐོབ་ཐང་གི་གལ་ཆེན་རང་བཞིན་འབུར་དུ་ཐོན་པར་བྱས་ཡོད་ལ། གཙོ་བོ་གྲོས་ཁང་ཞོལ་མའི་དབང་ཤུགས་རྒྱ་བསྐྱེད་པ་དང་སྤྱི་དམངས་ཀྱི་ཕན་བདེ་ཇེ་མང་དུ་གཏོང་བ་སོགས་ནང་དོན་འདུས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།