སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཏཱ་མཱ་ཧྲི་ཀི་ནས་ཨ་ལེ་ཕའོ་བར་གྱི་འཐབ་ཇུས་རྒྱུ་ལམ་གཙོ་བོ་ཕྱོགས་ཡོངས་ནས་ཚོད་འཛིན་བྱས།
2020.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་རྒྱལ་ས་ཏཱ་མཱ་ཧྲི་ཀི་དང་བྱང་ཕྱོགས་ཀྱི་གྲོང་ཁྱེར་གཙོ་བོ་ཨ་ལེ་ཕའོ་བར་གྱི་གཞུང་ལམ་ཕྱོགས་ཡོངས་ནས་ཚོད་འཛིན་བྱས་ཡོད་ཟེར། དེ་ནི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ལོ་ངོ་བརྒྱད་ཀྱི་རིང་ཐོག་དང་པོར་འཐབ་ཇུས་རྒྱུ་ལམ་གཙོ་བོ་དེར་ཕྱོགས་ཡོངས་ནས་ཚོད་འཛིན་བྱས་པ་རེད། 

བསྒྲགས་པ་ལྟར་ན། དེའི་སྔོན་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་བཙན་བཟུང་བྱས་པའི་གཞུང་ལམ་འགྲམ་བརྒྱུད་གཉིས་ཕྱིར་འཕྲོག་ལེན་བྱས་རྗེས། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མིག་སྔར་དབྱེ་ཏི་ལེ་པུའུ་དང་ཧཱ་མཱ་སོགས་ཞིང་ཆེན་བརྒྱུད་པའི་ཏཱ་མཱ་ཧྲི་ཀི་ནས་ཨ་ལེ་ཕའོ་བར་གྱི་གཞུང་ལམ་ཕྱོགས་ཡོངས་ནས་ཚོད་འཛིན་བྱས་ཡོད་ཟེར། 

སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཟླ་འདིའི་ཚེས་བཅུ་གཅིག་ཉིན་ཏཱ་མཱ་ཧྲི་ཀི་ནས་ཨ་ལེ་ཕའོ་བར་གྱི་གཞུང་ལམ་ཕྱིར་འཕྲོག་ལེན་བྱས་ཀྱང་། སི་རི་ཡཱའི་དམག་དཔུང་གིས་དེའི་རྗེས་སུ་མུ་མཐུད་དུ་དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་ཨ་ལེ་ཕའོ་ཞིང་ཆེན་བར་གྱི་གཞུང་ལམ་ཉེ་འགྲམ་གྱི་དམག་དོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་བ་དང་། སྔར་ལས་མང་བའི་ས་ཁོངས་ཕྱིར་འཕྲོག་ལེན་བྱས་རྗེས་ད་གཟོད་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད། 

ཏཱ་མཱ་ཧྲི་ཀི་ནས་ཨ་ལེ་ཕའོ་བར་གྱི་གཞུང་ལམ་དེ་སི་རི་ཡཱའི་ནུབ་ཕྱོགས་སུ་གནས་ཤིང་། སི་རི་ཡཱའི་ནུབ་ཕྱོགས་ཀྱི་ཏཱ་མཱ་ཧྲི་ཀི་དང་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་དང་ཧཱ་མཱ། བྱང་ཕྱོགས་ཀྱི་དཔལ་འབྱོར་གྲོང་ཁྱེར་གཙོ་བོ་ཨ་ལེ་ཕའོ་བཅས་གྲོང་ཁྱེར་གཙོ་བོ་དག་གཅིག་ཏུ་སྦྲེལ་ཡོད་པ་དང་། ལྷོ་ཕྱོགས་ནས་སི་རི་ཡཱ་དང་ཅོར་ཏན་མཐའ་མཚམས་ཀྱི་གཞུང་ལམ་ལ་སྦྲེལ་ཡོད་པས། དངོས་རྫས་སྐྱེལ་འདྲེན་ཐད་འཐབ་ཇུས་དོན་སྙིང་གལ་ཆེན་ལྡན་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།