ཕྱི་རྒྱལ་གྱི་སྲིད་ཏང་མགོ་ཁྲིད་པ་མང་བོས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པར་གདེང་འཇོག་གང་ལེགས་བྱས།
2020.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

རྒྱལ་ཁབ་རེ་འགའི་སྲིད་ཏང་གི་ཆབ་སྲིད་མགོ་ཁྲིད་པ་རེ་འགའ་ཡིས་ཉེ་སྔོན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་གློག་འཕྲིན་བཏང་སྟེ། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པར་གདེང་འཇོག་གང་ལེགས་བྱས་པ་དང་། ཀྲུང་གོས་རིམས་ནད་འགོག་བཅོས་ཀྱི་མཇུག་མཐའི་རྒྱལ་ཁ་ལེན་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན། 

ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གིས་གློག་འཕྲིན་ལས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་མདུན་ནས་ང་ཚོས་ཀྲུང་གོའི་མི་དམངས་ཀྱི་དཀའ་སྡུག་སེམས་ཀྱིས་མྱོང་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་མི་དམངས་སྔ་མོ་ལས་རིམས་ནད་དེ་ལས་རྒྱལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ཡོ་ནན་གུང་ཁྲན་ཏང་དང་སྲིད་གཞུང་། ཡོ་ནན་མི་དམངས་བཅས་ཀྱིས་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དང་སྲིད་གཞུང་བར་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

བྷང་ག་ལཱའི་མི་དམངས་མནའ་འབྲེལ་གྱི་ཀྲུའུ་ཞི། སྲིད་གཞུང་གི་ཙུང་ལི་ཧཱ་ཞི་ནཱ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་འདོམ་དང་བཀོད་སྒྲིག་མཛད་འོག ཀྲུང་གོའི་ཕྱོགས་ཀྱིས་རྒུད་སྐྱོབ་སྟོབས་ཤུགས་མྱུར་དུ་རྩ་འཛུགས་བྱས་པ་དང་འཕྲལ་སྒྲུབ་སྨན་ཁང་རེ་འགའ་མྱུར་དུ་ལས་ནས་གཅིག་བསྡུས་སྒོས་ནད་པར་གསོ་བཅོས་བྱེད་པའི་བྱེད་ཐབས་སྤྱད་པས་རིམས་ནད་ལ་ཕན་ནུས་ལྡན་པའི་ཚོད་འཛིན་ཐེབས་ཡོད། བྷང་ག་ལཱའི་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་གྱི་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་དཀའ་སྡུག་ཆེ་བའི་སྐབས་སུ་ཀྲུང་གོར་ཡོད་པའི་བྷང་ག་ལཱའི་སྤྱི་དམངས་སྐོར་ཞིག་ལ་སེམས་ཞིབ་མོས་བདག་སྐྱོང་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཕན་ཁན་གྱིས་བསྟན་དོན། ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་བཅོས་ཐད་སྤྱད་པའི་ནུས་ལྡན་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་མི་དམངས་ཀྱིས་སྔ་མོ་ནས་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལོན་སྲིད་པར་ཡིད་ཆེས་བརྟན་པོ་ཡོད་ཟེར། 

སིང་ག་ལཱའི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཀུའུ་ནཱ་སེ་ཁི་ལཱ་ཡིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བས་ཀྲུང་གོ་དང་ཐ་ན་འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད། ཀྲུང་གོའི་མགོ་ཁྲིད་པས་ཐོན་ཁུངས་དང་བྱེད་ཐབས་ཡོད་ཚད་བེད་སྤྱད་དེ་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱས། ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ལས་དོན་ཐད་བྱས་རྗེས་བཞག་པར་ཡིད་སྨོན་དང་རྗེས་སུ་ཡི་རང་བྱེད་བཞིན་ཡོད་ཟེར། 

ནཱ་སྨི་པུ་ཡཱའི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧྲ་ཉེན་ཝ་ཡིས་བསྟན་དོན། ཀྲུང་ཧྭ་མི་དམངས་ཀྱིས་དཀའ་ཁག་གདོང་གིས་བསུས་ནས་མདུན་དུ་བསྐྱོད་བཞིན་ཡོད། ཐེངས་འདིའི་རིམས་ནད་ལས་ཀྲུང་གོའི་མི་དམངས་སྔར་ལས་མཐུན་སྒྲིལ་ལྡན་པར་འགྱུར་སྲིད། ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཐེངས་འདིའི་འགྲན་རྩོད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཨེ་ཙེ་ཨོ་ཕི་ཡཱའི་དར་རྒྱས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་པུས་ནཱ་ཧྥོ་ཡིས་བསྟན་དོན། དར་རྒྱས་ཏང་གིས་ནམ་ཡང་ཀྲུང་གོའི་གུང་ཁྲན་ཏང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་ཐུང་ངུའི་ནང་རིམས་ནད་འགོག་བཅོས་ཀྱི་འཐབ་རྩོད་ཁྲོད་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཟེར། 

དེ་ལས་གཞན་འབར་མ་རྒྱལ་ཕྲན་མཉམ་འབྲེལ་ལེགས་བཅོས་ཏང་གི་ཀྲུའུ་ཞི་རོས་མན་དང་། རྒྱ་གར་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ལཱ་ཅཱ། ལེ་པཱ་ནུན་མནའ་འབྲེལ་ཏང་གི་ཀྲུའུ་ཞི་མུའུ་ལཱ་ཏི། དབྱི་སི་རལ་གྱི་དབྱི་སི་རལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་ཞེས་པའི་ཏང་གི་ཀྲུའུ་ཞི་ཧྥོ་རོས་ཨར། སེ་ར་རེ་ཨང་མི་དམངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཁི་ལོ་མཱ། ཧྥོ་ཏི་ཅོ་དམངས་གཙོ་བརྩོན་ལེན་འགུལ་སྐྱོད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་མིན་ཐི་ལོ། ནེ་ཀྲིར་དམངས་གཙོ་བརྩོན་ལེན་དང་སྤྱི་ཚོགས་རིང་ལུགས་ཏང་གི་ཀྲུའུ་ཞི་པཱ་ཙུའུ་མུའུ། ཀྲ་ཏིའི་རྒྱལ་གཅེས་མྱུར་སྐྱོབ་ལས་འགུལ་གྱི་སྤྱི་ཁྱབ་ཧྲུའུ་ཅི་པཱ་ཏཱ། པཱ་ཞིའི་དམངས་གཙོ་བཟོ་བའི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཏིས་ཡཱ་སི། ཨོ་སི་ཁྲུ་ལི་ཡཱའི་གུང་ཁྲན་ཏང་གི་རྒྱལ་ཡོངས་ཀྲུའུ་ཞི་མའོ་ལེ་ནཱ། འཇར་མན་གུང་ཁྲན་ཏང་གི་ཀྲུའུ་ཞི་ཁི་པེ་ལེ་བཅས་ཀྱིས་ཀྱང་གློག་འཕྲིན་བཏང་སྟེ་ཀྲུང་གོའི་གུང་ཁྲན་ཏང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རིམས་ནད་འགོག་བཅོས་ལ་གཞོགས་འདེགས་བྱེད་འདོད་ཡོད་པའི་ཚུལ་བསྟན།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།