​མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཡེ་མིན་བྱང་ཕྱོགས་ས་ཁུལ་དུ་འཇབ་རྒོལ་ཐེབས་ནས་མི་སེར་དཀྱུས་མ་སོ་གཅིག་རྐྱེན་ལམ་དུ་ཤོར་བའི་ཚུལ་བསྟན།
2020.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཡེ་མིན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་ལས་དོན་གྱི་མཐུན་སྦྱོར་པ་ཀི་ལན་ཏི་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཡེ་མིན་བྱང་ཕྱོགས་ཀྱི་ཅོ་ཧྥུའུ་ཞིང་ཆེན་དུ་ཉིན་དེར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སེར་དཀྱུས་མ་སོ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག ཤི་རྨས་ཐེབས་པའི་མི་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད་ཟེར། 

ཀི་ལན་ཏི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། ཁོ་མོས་བསྟན་དོན། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལྟར་ན། འཁྲུག་རྩོད་ཕྱོགས་ཁག་སོ་སོར་མི་སེར་དཀྱུར་མར་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ཀྱང་། ཡེ་མིན་འཁྲུག་རྩོད་བྱུང་ནས་ལོ་ལྔའི་རྗེས་སུ་འཁྲུག་རྩོད་ཕྱོགས་ཁག་གིས་སྔར་བཞིན་འགན་འཁྲི་དེ་ལག་བསྟར་བྱས་མེད་ཟེར། ཁོ་མོས་གསལ་སྒྲོག་ལས་འཇབ་རྒོལ་དོན་རྐྱེན་དེ་སུས་བཟོས་པ་གསལ་བོར་གླེང་མེད། 

ཅོ་ཧྥུའུ་ཞིང་ཆེན་གྱི་ཚོ་ཁག་གི་མི་སྣ་ཞིག་གིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། ཅོ་ཧྥུའུ་ཞིང་ཆེན་ལྷོ་ནུབ་ཕྱོགས་ཀྱི་མེད་སི་ལུའུ་པུའུ་ས་ཁུལ་དུ་ཚེས་བཅོ་ལྔ་ཉིན་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུའི་བར་སྣང་འཇབ་རྒོལ་ཐེབས་པ་དང་། ཤི་རྨས་ཐེབས་མཁན་ནི་ཁྱིམ་ཚང་གསུམ་གྱི་ཁྱིམ་མི་དག་རེད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཚེས་བཅོ་ལྔ་ཉིན་གསར་འགོད་པར་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུ་ཞིག་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཅོ་ཧྥུའུ་ཞིང་ཆེན་ནས་ཧུའུ་སེ་དྲག་ཆས་པའི་མཁའ་སྲུང་དམག་དཔུང་གིས་སར་འཕངས་པ་དང་། འཐབ་འཛིང་གནམ་གྲུ་དེ་སར་འཕངས་ནས་དུས་ཚོད་འགའི་རྗེས་སུ། མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུ་འགའ་ཡིས་ཅོ་ཧྥུའུ་ཞིང་ཆེན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་དམག་དོན་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས་པ་རེད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།