ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དམག་དཔུང་ཕྱིར་འཐེན་གྱི་གནས་སྔར་ལས་མང་བོ་འཛུགས་པར་གྲོས་འཆམ་བྱུང་མེད། 
2020.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་ཉེར་དྲུག་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་རྒྱུན་ལྡན་གྱི་གྲོས་མོལ་སྤེལ། གྲོས་མོལ་ལ་ཞུགས་པའི་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དམག་དཔུང་ཕྱིར་འཐེན་གྱི་གནས་སྔར་ལས་མང་བོ་འཛུགས་པར་གྲོས་འཆམ་བྱུང་མེད། 

ཡོ་རོབ་གླིང་བདེ་འཇགས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་ཀི་ལའོ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བདེ་འཇགས་བྱ་བའི་ཚན་ཆུང་གིས་ཉིན་དེའི་གྲོས་མོལ་ཁྲོད་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་སྤྱིའི་གནས་བབ་ལ་གྲོས་བསྡུར་བྱས་པ་ལས་གཞན་ད་རུང་དམག་དཔུང་ཕྱིར་འཐེན་གྱི་གནས་སྔར་ལས་མང་བོ་གཏན་འཁེལ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་སོ་སོས་གནད་དོན་དེའི་ཐད་ནས་དུས་ཚོད་དང་ཚེགས་མང་ཙམ་བཏང་ཡོད་ཀྱང་གནད་དོན་དེ་ཐག་གཅོད་བྱེད་པར་ད་རུང་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཟེར།

ཀི་ལའོ་ཡིས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པ་ནི་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱེད་པའི་གནད་འགག་ཡིན་པའི་ཚུལ་བསྟན་པ་དང་། ཁོ་མོས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་བཀོད་སྒྲིག་བརྩི་སྲུང་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཁོ་མོས་མཚམས་སྦྱོར་བྱས་པ་ལྟར་ན། ཉིན་དེའི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བྱ་བའི་ཚན་ཆུང་གཞན་པའི་གྲོས་མོལ་ཁྲོད། ཕྱོགས་སོ་སོས་བཟུང་དམག་བརྗེ་སྤོར་དང་གར་སོང་མ་རྙེད་པའི་མི་སྣ་འཚོལ་ཞིབ་བྱེད་པར་འགན་སྲུང་བྱེད་པ། འབྲེལ་མཚམས་སུ་ཞིབ་བཤེར་ས་ཚིགས་གསར་དུ་ལས་པ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་ལས་འཁྱུར་ངལ་གསོའི་མ་དངུལ་སྟེར་བ། འཐུང་ཆུ་སླར་གསོ་བྱེད་པ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམིགས་བསལ་གོ་གནས། དེ་མིན་ཧྲི་ཡེ་ཡུན་མེད་ཨར་གྱི་རྣམ་པའི་མ་ཡིག་སོགས་གནད་དོ་ལ་གྲོས་བསྡུར་བྱས་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།