​དབྱིན་ཇིའི་སྲིད་གཞུང་གིས་ཟླ་དྲུག་པར་གནས་ཚུལ་ལ་གཞིགས་ཏེ་དབྱིན་ཇི་དང་ཡོ་རོབ་གླིང་གི་ཉོ་ཚོང་གྲོས་མོལ་ལས་ཕྱིར་འབུད་མིན་ཐག་གཅོད་བྱེད་རྒྱུ་རེད།
2020.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱིན་ཇིའི་སྲིད་གཞུང་གིས་ཚེས་ཉེར་བདུན་ཉིན་སྤེལ་བའི་དབྱིན་ཇི་དང་ཡོ་རོབ་གླིང་གི་མ་འོངས་པའི་འབྲེལ་བའི་སྐོར་གྱི་གྲོས་མོལ་རྩ་འཛིན་གྱི་ཡིག་ཆ་ཞིག་ལས་བསྟན་དོན། དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་རང་དབང་ཉོ་ཚོང་གྲོས་ཆོད་འགོད་པར་བརྩོན་ལེན་བྱེད་བཞིན་ཡོད་ཀྱང་། ཟླ་དྲུག་པར་གནས་ཚུལ་ལ་གཞིགས་ཏེ་ཉོ་ཚོང་གྲོས་མོལ་ལ་ཕྱིར་འབུད་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། དེ་ལས་ད་ལོའི་ལོ་མཇུག་ཏུ་དབྱིན་ཇི་ཡིས་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉོ་ཚོང་གྲོས་མཐུན་འགོད་མ་ཐུབ་པའི་གནས་ཚུལ་འོག་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བར་བརྒལ་དུས་སྐབས་མཇུག་སྒྲིལ་སྲིད་པའི་མཚོན་རྟགས་རེད། 

ཡིག་ཆ་དེ་ལས་ནན་གྱིས་བསྟན་དོན། དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་རང་དབང་ཉོ་ཚོང་གྲོས་ཆོད་འགོད་འདོད་ཡོད་པ་དང་། དེས་ཕལ་ཆེར་ཉོ་ཚོང་ཚང་མར་ཁེབས་ཡོད། དེའི་ཆེད་དུ་དབྱིན་ཇི་ཡིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན། ཧན་གོ་སོགས་རྒྱལ་ཁབ་བར་གྱི་ཉོ་ཚོང་གྲོས་ཆོད་ལ་དཔྱད་ཞིབ་བྱས་ཡོད་ཟེར། 

ཡིག་ཆ་ལས་བསྟན་དོན། དབྱིན་ཇི་ཡིས་སྐོར་ཐེངས་འགའི་གྲོས་མོལ་བརྒྱུད་དེ། ཟླ་དྲུག་པར་ཉོ་ཚོང་གྲོས་ཆོད་ཀྱི་སྒྲོམ་གཞི་ཕལ་ཆེར་གཏན་འཁེལ་བྱེད་ཐུབ་པ་དང་། ཟླ་དགུ་བའི་སྔོན་ལ་གྲོས་མཐུན་ཐག་གཅོད་བྱེད་ཐུབ། གལ་ཏེ་ཟླ་དྲུག་པའི་གྲོས་མོལ་གནས་ཚུལ་སྔོན་དཔག་གི་ཚད་དུ་མ་བསླེབ་ན་སྲིད་གཞུང་གིས་གོ་རིམ་ལྡན་པའི་སྒོ་ནས་བར་བརྒལ་དུས་རིམ་ལས་ཕྱིར་འབུད་པའི་གྲ་སྒྲིག་བྱ་བ་རྩེ་གཅིག་ཏུ་གཞོལ་དགོས་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།