ཐུར་ཁེ་དང་ཨུ་རུ་སི་ཡིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་གནས་བབ་ཐད་ནས་གྲོས་མོལ་བྱས།
2020.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཐུར་ཁེ་རུ་ཡོད་པའི་ཨུ་རུ་སིའི་འཐུས་ཚབ་ཚོགས་པས་ཚེས་ཉེར་བདུན་ཉིན་ཐུར་ཁེའི་ཕྱོགས་དང་མཉམ་དུ་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ཐད་ནས་གྲོས་མོལ་བྱས། ཉིན་དེར་ཐུར་ཁེའི་དམག་དཔུང་ལ་དབྱེ་ཏི་ལེ་པུའུ་ནས་སི་རི་ཡཱའི་སྲིད་གཞུང་གི་མཁའ་དམག་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཐུར་ཁེའི་དམག་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཝེ་ཨར་ཞེ་ཉིན་གྱིས་ཁྲིད་པའི་ཨུ་རུ་སིའི་འཐུས་ཚབ་ཚོགས་པ་ཚེས་ཉེར་དྲུག་ཉིན་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་རུ་འབྱོར་ནས། ཐུར་ཁེའི་ཕྱོགས་དང་མཉམ་དུ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་གནད་དོན་ཐད་ནས་གྲོས་བསྡུར་བྱས། དེ་ནི་ཨུ་རུ་སིའི་ཕྱོགས་ཀྱིས་ཟླ་འདིའི་ནང་ཐེངས་གཉིས་པར་འཐུས་ཚབ་ཚོགས་པ་ཐུར་ཁེ་རུ་མངག་ནས་དབྱེ་ཏི་ལེ་པུའུ་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། 

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨིག་ནཱ་ཨར་སོགས་ཀྱིས་ཨུ་རུ་སིའི་ཕྱོགས་དང་གྲོས་མོལ་བྱས། ཐུར་ཁེ་ཕྱོགས་ཀྱིས་བསྟན་དོན། ས་ཁུལ་དེའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་བཞག་སྟེ། ཐུར་ཁེ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བར་སོ་ཆི་ནས་བཀོད་པའི་གྲོས་མཐུན་ལག་བསྟར་བྱེད་པ་དང་། མི་སེར་དཀྱུས་མར་གནོད་པ་ཐེབས་པར་སྔོན་འགོག་བྱེད་དགོས་པར་མ་ཟད། གཞི་རྒྱ་ཆེ་བའི་ཡུལ་གྱར་བའི་རླབས་རྒྱུན་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་ཉེར་བདུན་ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ནས་སྤེལ་བའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་འཐུས་ཚབ་ཚོགས་པས་ཨན་ཁཱ་ལཱ་རུ་ཐུར་ཁེ་ཕྱོགས་དང་གྲོས་མོལ་བྱེད་བཞིན་ཡོད་པ་དང་། གྲོས་མོལ་གྱི་ནང་དོན་དེ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་གནས་བབ་རྒྱུན་ལྡན་དུ་འགྱུར་བའི་གནད་དོན་ཚང་མར་འབྲེལ་ཡོད་ཟེར། ཁོ་མོས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ཉིན་འགའི་རིང་རྒྱུན་བསྲིང་རྒྱུ་རེད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། སི་རི་ཡཱའི་རྒྱལ་ནང་གི་གནས་བབ་ཛ་དྲག་ཏུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི་ཐུར་ཁེ་ཕྱོགས་ཀྱིས་ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བར་བཀོད་པའི་གྲོས་མཐུན་ལག་བསྟར་མ་བྱས་པས་ཡིན་པར་འདོད། 

ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་དབྱེ་ཏི་ལེ་པུའུ་ཞིང་ཆེན་ལ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཐུར་ཁེའི་དམག་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གྱིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ལ་ཁ་པར་བཏང་སྟེ། དབྱེ་ཏི་ལེ་པུའུ་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་པ་དང་ཐུར་ཁེ་དང་ཨ་མེ་རི་ཁ་ཕྱོགས་གཉིས་དང་ས་ཁུལ་གྱི་འགོག་སྲུང་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།