དབྱི་སི་རལ་གྱི་སྐབས་ཉེར་གསུམ་པའི་གྲོས་ཁང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2020.03.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

དབྱི་སི་རལ་གྱི་སྐབས་ཉེར་གསུམ་པའི་གྲོས་ཁང་གིས་ཚེས་བཅུ་དྲུག་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ལས་འགན་ཁུར་བའི་མཛད་སྒོའི་སྟེང་གྲོས་མི་རྣམས་ཀྱིས་མི་གསུམ་རེ་ཚན་ཁག་གཅིག་ཏུ་བྱས་ཏེ་དམ་བཅའ་བཞག་སྟེ་ལས་འགན་ཁུར། དབྱི་སི་རལ་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམ་ནད་སྐབས་སུ་འདུ་འཛོམས་གཞི་རྒྱའི་ཚད་བཀག་དང་འཚམ་པ་རེད། 

དབྱི་སི་རལ་གྱི་ཙུང་ལི་ལི་ཧྥུའུ་ལིན་གྱིས་མཛད་སྒོའི་སྟེང་བསྟན་དོན། དེང་སྐབས་དབྱི་སི་རལ་གྱི་ཆབ་སྲིད་ཉམས་ཉེན་ཚབས་ཆེ་བས། ཁོས་གྲོས་ཁང་གི་ཏང་ཁག་སོ་སོས་མཐུན་སྦྱོར་བྱས་ཏེ་མྱུར་དུ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་དགོས་པའི་འབོད་སྐུལ་བཏང་། 

དབྱི་སི་རལ་གྱིས་ཟླ་འདིའི་ཚེས་གཉིས་ཉིན་སྐབས་ཉེར་གསུམ་པའི་གྲོས་ཁང་གི་འདེམ་བསྐོ་སྤེལ། གྲོས་ཁང་གི་ལས་གནས་བརྒྱ་དང་ཉི་ཤུའི་ཁྲོད། སྲིད་ཏང་གང་རུང་གཅིག་པུས་ནེ་ཀི་རྩ་འཛུགས་བྱེད་པར་མཁོ་བའི་ཕྱེད་ཀའི་ཡན་གྱི་ལས་གནས་ཐོབ་མེད། ད་ལྟའི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མགོ་ཁྲིད་པའི་གཡས་ཕྱོགས་སྲིད་ཏང་ལེ་ཁུའུ་ཏི་སྡེ་ཚོགས་ལ་ལས་གན་སོ་དྲུག་ཐོབ་པ་དང་། རྒྱལ་སྲུང་དམག་དཔུང་གི་སྔོན་ཆད་ཀྱི་ཇུས་འདོན་དཔོན་པོ་ཀན་ཚི་ཡིས་མགོ་ཁྲིད་པའི་དབུས་གནས་ཏང་ཁག་སྔོ་དཀར་ཏང་ལ་ལས་གན་སོ་གསུམ་ཐོབ་པ་རེད། 

དབྱི་སི་རལ་གྲོས་ཁང་ལ་བསྡོམས་པས་གྲོས་མི་བརྒྱ་དང་ཉི་ཤུ་ཡོད་པ་དང་། འགན་ཡུན་ལོ་བཞི་རེད། གཏན་འཁེལ་ལྟར་ན། གྲོས་ཁང་གི་ལས་གནས་ཕྱེད་ཀའི་ཡན་ཐོབ་པའི་སྲིད་ཏང་གཅིག་པུས་ནེ་ཀི་རྩ་འཛུགས་བྱས་ཆོག་པ་རེད། ཏང་ཁག་ཆུང་འབྲིང་མང་བོ་ཡོད་པས། དབྱི་སི་རལ་གྱི་ལོ་རྒྱུས་སྟེང་སྲིད་ཏང་གཅིག་གིས་ནེ་ཀི་རྩ་འཛུགས་བྱས་པའི་གནས་ཚུལ་གཏན་ནས་བྱུང་མྱོང་མེད། 

ལི་ཧྥུའུ་ལིན་གྱིས་ཚེས་བཅོ་ལྔ་ཉིན་དབྱི་སི་རལ་གྱི་སྐབས་ཉེར་གསུམ་པའི་གྲོས་ཁང་དུ་ཚུད་པའི་ཏང་ཁག་བརྒྱད་ཀྱི་བར་ནེ་ཀི་རྩ་འཛུགས་བྱེད་པའི་མི་སྣར་གྲོས་མོལ་བྱས། གྲོས་མོལ་བྱས་པ་བརྒྱུད། ཀན་ཚི་ལ་གྲོས་མི་རེ་གཅིག་གི་རྒྱབ་སྐྱོར་ཐོབ། ལི་ཧྥུའུ་ལིན་གྱིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཀན་ཚི་ཡིས་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པར་དངོས་སུ་དབང་ཆ་སྤྲད་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།