ཡོ་རོབ་གླིང་མནའ་འབྲེལ་གྱིས་གནས་སྐོར་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིམས་ནད་འགོག་བཅོས་བྱེད་རྒྱུ་རེད།
2020.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཡོ་རོབ་གླིང་མནའ་འབྲེལ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཚེས་བཅུ་བདུན་ཉིན་བརྙན་རིས་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕྱི་རྒྱལ་གྱི་མི་རང་གི་མངའ་ཁོངས་སུ་ཡོང་བར་གནས་སྐོར་ཚོད་འཛིན་བྱེད་པ་སོགས་བྱེད་ཐབས་མང་བོ་སྤྱད་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར་ཡིད་འཐད་བྱུང་། 

གྲོས་ཚོགས་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཡོ་རོབ་གླིང་མནའ་འབྲེལ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་མི་སྣ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཏུ་ཡོང་བར་གནས་སྐོར་བཀག་འགོག་བྱེད་ཐབས་སྤྱོད་པའི་གྲོས་གཞིར་ཡིད་འཐད་བྱུང་བ་དང་། ཐོག་མའི་ཚད་བཀག་ཡུན་ཚད་ནི་ཉིན་སུམ་ཅུ་ཡིན། དེའི་ཞོར་དུ་སྨན་རྫས་དང་ཟས་རིགས། དངོས་ཟོང་སྐྱེལ་འདྲེན་ལ་འགན་སྲུང་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་དག་རང་གི་རྒྱལ་ཁབ་ཏུ་ལོག་ཐུབ་པར་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་སྨན་བཅོས་དངོས་རྫས་ཕྱིར་གཏོང་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་སྤྱོད་པར་ཡིད་འཐད་བྱུང་སྟེ། ཁེ་ལས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ནས་ཁ་ཐུམ་སོགས་སྨན་བཅོས་དངོས་རྫས་དག་ས་ཁུལ་གཞན་པར་ཕྱིར་གཏོང་བྱེད་ན་ཐོག་མ་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་གིས་བརྡ་འཕྲིན་མཉམ་སྤྱོད་དང་འགོག་སྨན་གསར་སྤེལ་བྱེད་པ་དང་། འགོག་སྨན་མི་ཚང་མར་འདོན་སྤྲོད་བྱེད་པའི་སྐུལ་མ་བཏང་བར་མ་ཟད། ཁྱབ་ཁོངས་དེའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 

གྲོས་ཚོགས་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་ཁུངས་དང་ཁོངས་གཏོགས་རྒྱལ་ཁབ་དག་གིས་རིམ་པ་སོ་སོ་ནས་བྱེད་ཐབས་དེ་དག་ལག་བསྟར་བྱེད་དགོས་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།