ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་འབུམ་གསུམ་དང་ཁྲི་གསུམ་སྟོང་གཉིས་སུམ་བརྒྱ་སོ་གཅིག་ཏུ་བསླེབས། 
2020.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 71

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གསུམ་དང་ཁྲི་གསུམ་སྟོང་གཉིས་སུམ་བརྒྱ་སོ་གཅིག་ཏུ་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བཞི་དང་དྲུག་བརྒྱ་བཅུ་གཅིག་ཡིན་པ་དང་། བསྡོམས་པས་འབུམ་གསུམ་དང་ཁྲི་གསུམ་སྟོང་གཉིས་སུམ་བརྒྱ་སོ་གཅིག་ཏུ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཉིས་དང་བརྒྱ་གོ་བརྒྱད་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་ཁྲི་གཅིག་དང་སྟོང་ལྔ་བརྒྱ་ང་གསུམ་དུ་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བཞི་དང་བདུན་བརྒྱ་བཅུ་གཉིས་འཕར་ཡོད་ལ། བསྡོམས་པས་འབུམ་བཞི་དང་ཁྲི་གཅིག་སྟོང་བཞི་བརྒྱ་དོན་དགུར་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཉིས་དང་ཉིས་བརྒྱ་གཉིས་འཕར་ནས། བསྡོམས་པས་ཁྲི་གཅིག་དང་སྟོང་བརྒྱད་བཞི་བརྒྱ་བཞི་བཅུར་བསླེབ་ཡོད་ཟེར།

འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཐོག་མ་བྱུང་བ་སྙན་ཞུ་བྱས་ཡོད། དེ་ནི་སོ་སོར་ལའོ་ཝའོ་དང་ལི་པུ་ཡཱ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།