མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱེད་པའི་འཛམ་གླིང་ཡོངས་ཀྱི་འཆར་གཞི་བཏོན། 
2020.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་ལྔ་ཉིན་བརྙན་རིས་གྲོས་ཚོགས་བརྒྱུད་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱེད་པའི་འཛམ་གླིང་ཡོངས་ཀྱི་འཆར་གཞི་བཏོན་ནས། ཆེས་ཉམ་ཞན་གྱི་རྒྱལ་ཁབ་དག་གིས་རིམས་ནད་འགོག་བཅོས་ཐད་རོགས་རམ་བྱེད་རྒྱུ་རེད། འཆར་གཞི་དེར་མཁོ་བའི་མ་དངུལ་བསྡོམས་པས་མེ་སྒོར་ཐེར་འབུམ་གཉིས་ལ་བསླེབ་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལོ་ཁི་ཁི་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ཧྥུའུ་ཨར་བཅས་ཀྱིས་བརྙན་རིས་བརྒྱུད་དེ་འཆར་གཞི་འདོན་པའི་མཛད་སྒོར་ཞུགས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱིས་མིའི་རིགས་ལ་འཇིགས་ཉེན་བཟོས་པས། མིའི་རིགས་ཡོངས་ཀྱིས་ངེས་པར་དུ་རྒོལ་ལན་སྤྲོད་དགོས་པ་ལས་རྒྱལ་ཁབ་རེ་འགས་ངོ་རྒོལ་བྱས་པ་ཙམ་གྱིས་མི་འདང་ཟེར། ཁོས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དེ་སའི་གོ་ལ་ཧྲིལ་བོར་ཁེབས་ཡོད་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྨན་བཅོས་མ་ལག་གིས་དཀའ་དཀའ་བྱེད་ལ། ཉམ་ཞན་རྒྱལ་ཁབ་དག་ལྷག་ཏུ་དཀའ་ཁག་ཆེ། ཁོས་འཛམ་གླིང་ཡོངས་ཀྱི་འཆར་གཞི་དེ་བརྒྱུད་དེ་ཟིང་འཁྲུག་དང་རང་བྱུང་གནོད་འཚེ། ནམ་ཟླའི་འགྱུར་ལྡོག་བཅས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པའི་རྒྱལ་ཁབ་དག་ལ་རོགས་རམ་བྱེད་འདོད་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱལ་ཁབ་དེ་དག་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱས་ན། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ནད་དུག་ཕན་ཚུན་འགོ་བར་བཀག་འགོག་བྱེད་པ་ལ་ཕན་ཐོགས་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྲིད་གཞུང་གིས་ཤུགས་ཆེན་པོས་འཆར་གཞི་དེར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱེད་པའི་འཛམ་གླིང་ཡོངས་ཀྱི་འཆར་གཞི་ལས་ཉམ་ཞན་རྒྱལ་ཁབ་དག་ལ་དགོས་ངེས་ཀྱི་སྨན་བཅོས་སྒྲིག་ཆས་དང་དངོས་རྫས་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཡུལ་གྱར་བའི་སྒར་ས་དང་འགྲོ་སའི་ཁྱིམ་མེད་པའི་མི་ལ་གནས་ངེས་གཏན་གྱི་ལག་འཁྲུད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། ནད་དུག་འགོག་བཅོས་དྲིལ་སྒྲོག་བྱེད་དགོས་པར་མ་ཟད ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མི་སྣ་དང་རྒུད་སྐྱོབ་དངོས་རྫས་ལ་བར་སྣང་གི་རྒྱུ་ལམ་ཞིག་འདོན་སྤྲོད་བྱེད་དགོས་ཟེར། 

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱེད་པའི་འཛམ་གླིང་ཡོངས་ཀྱི་འཆར་གཞི་དེ་ལོ་ཁི་ཁི་ཡིས་མགོ་ཁྲིད་པའི་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་གིས་སྤྱི་ཕྱོགས་ནས་མཐུན་སྦྱོར་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས། རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་སོགས་ལས་ཁུངས་ཀྱིས་རྒྱལ་སྤྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་བར་མཉམ་ལས་བྱས་ཏེ་དངོས་འབེབ་བྱེད་རྒྱུ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།