ཝུན་ཙེ་ཡུན་གྱིས་ཐི་ལིང་ཕུའུ་ཡིས་ཧན་གོར་སྨན་བཅོས་དངོས་རྫས་ཀྱི་རོགས་སྐྱོར་བྱེད་རྒྱུའི་རེ་ཞུ་བཏོན་ཡོད་པའི་ཚུལ་བསྟན། 
2020.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 109

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཧན་གོའི་ཙུང་ཐུང་ཙུན་ཙེ་ཡུན་གྱིས་ཧྲིག་ཨར་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཚད་འཇལ་ཞིབ་བཤེར་སྨན་ཆུ་ཐོན་སྐྱེད་བྱེད་པའི་ཁེ་ལས་ཤིག་ཏུ་འཚམས་འདྲི་བྱས། 

ཟླ་གསུམ་པའི་ཚེས་ཉེར་བཞིའི་ཉིན། ཧན་གོའི་ཧྲིག་ཨར་ཆིན་ཝ་ཐེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་གཏོང་བཞིན་པ། 

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཧན་གོའི་པྲོག་དབྱིབས་ནད་དུག་གསར་བའི་ཚད་འཇལ་ཞིབ་བཤེར་སྨན་ཆུ་སོགས་རིམས་འགོག་དངོས་རྫས་ལ་རོགས་སྐྱོར་བྱེད་རྒྱུའི་རེ་བ་བཏོན་ཡོད་ལ། ཧན་གོིའི་སྲིད་གཞུང་གིས་ཐོན་སྐྱེད་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ཚད་འཇལ་ཞིབ་བཤེར་སྨན་ཆུ་ཕྱིར་གཏོང་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཡིན་ཟེར། 

ཝུན་ཙེ་ཡུན་གྱིས་ཉིན་དེར་ཧྲིག་ཨར་དུ་ཡོད་པའི་པྲོག་དབྱིབས་ནད་དུག་གསར་བའི་ཚད་འཇལ་ཞིབ་བཤེར་སྨན་ཆུའི་ཐོན་སྐྱེད་བྱེད་ས་ཞིག་ཏུ་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ཧན་གོའི་ཁེ་ལས་ཀྱིས་ཉེ་སྔོན་ཚད་འཇལ་ཞིབ་བཤེར་སྨན་ཆུའི་ཕྱིར་གཏོང་གི་འབྲེལ་ཡོད་གྲོས་མོལ་སྤེལ་བཞིན་ཡོད་པ་དང་། ཧན་གོའི་སྲིད་གཞུང་ལ་ཚད་འཇལ་ཞིབ་བཤེར་སྨན་ཆུ་འདོད་སྤྲོད་བྱེད་པའི་རེ་ཞུ་མང་བོ་འབྱོར་ཡོད། ཧན་གོས་ཚད་འཇལ་ཞིབ་བཤེར་སྨན་ཆུ་ཕྱིར་གཏོང་བྱས་ན་རྒྱལ་ཁབ་སོ་སོའི་རིམས་འགོག་ཐད་རྒྱབ་སྐྱོར་བྱེད་ཐུབ་པར་མ་ཟད། ཧན་གོའི་དཔལ་འབྱོར་འཕེལ་རྒྱས་ལའང་ཕན་ཐོགས་ཡོད་ཟེར། 

ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཝུན་ཙེ་ཡུན་གྱིས་དུས་བཅད་ལྟར་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཐི་ལིང་ཕུའུ་ཡིས་བཏོན་པའི་སྨན་བཅོས་དངོས་རྫས་ལ་རྒྱབ་སྐྱོར་བྱེད་པའི་རེ་ཞུར་ལན་འདེབས་སྐབས། ཝུན་ཙེ་ཡུན་གྱིས་བསྟན་དོན། ཧན་གོའི་རྒྱལ་ནང་གི་མཁོ་འདོན་ལ་ལྷག་མ་ཡོད་པའི་གནས་ཚུལ་འོག གང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱེད་ངེས་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཧན་གོའི་པྲོག་དབྱིབས་ནད་དུག་གསར་བའི་ཚད་འཇལ་ཞིབ་བཤེར་སྨན་ཆུ་རིགས་ལྔ་ལ་ཧན་གོའི་ཟས་རིགས་སྨན་རྫས་བདེ་འཇགས་ཐིན་གྱི་བེད་སྤྱོད་ཆོག་མཆན་ཐོབ་ཡོད་པ་དང་། རྒྱལ་ནང་གི་རིམས་འགོག་དགོས་མཁོ་བསྐང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཕྱི་རྒྱལ་དུ་ཕྱིར་གཏོང་བྱེད་རྒྱུ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།