སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་གཏོང་འཕེན་བྱས་པའི་འཕུར་མདའ་བདེ་བླག་ངང་བཀག་འགོག་བྱས། 
2020.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར། སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་རྒྱལ་ས་ལེ་ཡཱ་ཏི་དང་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཅི་ཙན་གྱི་བར་སྣང་ནས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་གཏོང་འཕེན་བྱས་པའི་འཕུར་མདའ་གཉིས་བདེ་བླག་ངང་བཀག་འགོག་བྱས་ཡོད་ཟེར། 

སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ་ཧུའུ་སེ་དྲག་ཆས་པའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ཏེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་གནས་བབ་འོག དགྲར་འཛིན་གྱི་བྱ་སྤྱོད་དེ་འདྲ་ལས་ཧུའུ་སེ་དྲག་ཆས་པས་ངེས་པ་དོན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་མེད་པ་མཚོན་ཐུབ་པ་དང་། ཡེ་མིན་སྲིད་གཞུང་བར་ཆབ་སྲིད་ཐག་གཅོད་ཇུས་གཞི་འགོད་པར་གཟབ་ནན་གྱི་རྣམ་འགྱུར་བཟུང་མེད་པ་མཚོན་ཡོད་ཟེར། 

ལེ་ཡཱ་ཏི་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གི་མགྲིན་ཚབ་པ་ཧཱ་མཱ་ཏིས་ཀྱིས་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སྲུང་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་ལེ་ཡཱ་ཏིའི་བར་སྣང་ནས་འཕུར་མདའ་ཞིག་བཀག་འགོག་བྱས་རྗེས། འཕུར་མདའི་ཆག་རོ་སྐོར་ཞིག་སྡོད་ཁུལ་དུ་ལྷུང་ནས། མི་སེར་དཀྱུས་མ་གཉིས་ལ་རྨས་ཡང་མོ་ཕོག་པ་དང་། དམངས་སྲུང་སྡེ་ཁག་མྱུར་མོར་ཡུལ་དངོས་སུ་འབྱོར་ནས་གནད་དོན་ཐག་གཅོད་བྱས། 

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཆེད། ཧུའུ་སེ་དྲག་ཆས་པ་དང་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་ལྔ་ཉིན་སྤེལ་བའི་འཛམ་གླིང་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་པར་ཡིད་འཐད་བྱུང་ཡོད་ཀྱང། ཕྱོགས་གཉིས་ཀྱིས་ཚེས་ཉེར་བདུན་ཉིན་ཕ་རོལ་བས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་འཇབ་རྒོལ་བྱ་སྤྱོད་སྤེལ་བར་སྐྱོན་འཛུགས་བྱས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།