ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་འགོག་སྲུང་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་བཏང་། 
2020.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་ལྔའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་མུ་མཐུད་དུ་ཇེ་མང་ལ་སོང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན་སྲིད་གཞུང་སྡེ་ཁག་བཅས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ནས་རྣམ་འགྱུར་གསར་བ་བསྟན་པ་དང་། ཝུའུ་ཁི་ལན་དང་ཨ་སེ་པེད་ཅང་། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱིས་རིམས་འགོག་གི་སྒྲིག་ལམ་གསར་བ་བཏོན། 

ཨུ་རུ་སི་ཡིས་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཨུ་རུ་སིའི་མངའ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཉིས་བརྒྱ་དང་བདུན་ཅུ་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ནད་པ་སྟོང་གཅིག་དང་ལྔ་བརྒྱ་སོ་བཞིར་བསླེབ་ཡོད། ནད་པ་བཞི་གསར་དུ་རྐྱེན་ལམ་ལ་ཤོར་བ་དང་། རིམ་རྩིས་ཀྱིས་ནད་པ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་རིམ་རྩིས་ཀྱིས་ནད་པ་རེ་བཞི་དྲག་སྐྱེད་བྱུང་ཡོད་ཟེར། 

ཚེས་ཉེར་དགུའི་ཉིན། ཝུའུ་ཁི་ལན་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་བརྒྱ་དང་དགུ་ཇེ་མང་ལ་སོང་ནས། རིམ་རྩིས་ཀྱིས་ནད་པ་བཞི་བརྒྱ་དང་བཅོ་བརྒྱད་དུ་བསླེབ་ཡོད། རིམ་རྩིས་ཀྱིས་ནད་པ་དགུ་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་ལྔར་དྲག་སྐྱེད་བྱུང་། ཨ་སེ་པེད་ཅང་དུ་མིག་སྔར་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་བརྒྱ་དང་གྱ་གཉིས་ཡོད་པ་དང་། དེའི་ནང་ནད་པ་བཅོ་ལྔ་དྲག་སྐྱེད་བྱུང་ཡོད་ལ། ནད་པ་བཞི་རྐྱེན་ལམ་དུ་ཤོར། ཝུའུ་ཙི་པེ་ཁི་སི་ཐན་དུ་ཉིན་གཅིག་གི་རིང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཉེར་དགུ་ཇེ་མང་ལ་སོང་། རིམ་རྩིས་ཀྱིས་ནད་པ་བརྒྱ་དང་སོ་གསུམ་ཡོད་ལ། དེའི་ནང་མི་བདུན་དྲག་སྐྱེད་བྱུང་བ་དང་ནད་པ་གཉིས་རྐྱེན་ལམ་དུ་ཤོར། ཧཱ་སག་སི་ཐན་དང་ཅིར་ཅི་སི་སི་ཐན་ནས་སོ་སོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཉིས་བརྒྱ་དང་རེ་ལྔ་དང་ནད་པ་གྱ་བཞི་ཡོད་ལ། སོ་སོར་ཉིན་རེར་ནད་པ་རེ་གཅིག་དང་ནད་པ་ཉེར་དྲུག་ཇེ་མང་དུ་སོང་ཡོད། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་བྱ་བའི་ཐད་ནས་མཛུབ་སྟོན་བྱེད་ཐབས་འགའ་བཏོན་པ་ཁྱབ་སྒྲོག་བྱས། དེའི་ནང་མུ་མཐུད་དུ་ཨུ་རུ་སིའི་དཔལ་འབྱོར་གནས་བབ་ལ་རྟོག་ཞིབ་བྱེད་པ་དང་། སྡོད་དམངས་སྐོར་ཞིག་གི་བསྐྱིལ་དངུལ་སྟེར་བ་དང་ཁྲལ་འཇལ་གྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བ། དམིགས་བསལ་གྱི་ཁྱིམ་ཚང་ལ་ཁ་གསབ་མ་དངུལ་སྟེར་བ་སོགས་ཕྱོགས་མང་བོ་འདུས་ཡོད། 

ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས་ཉེར་དགུའི་ཉིན་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་སྐབས་སུ། ལས་ཡུལ་དང་པོར་བྱ་བ་བྱེད་པའི་སྨན་བཅོས་མི་སྣར་ཁ་གསབ་སྟེར་བའི་ཚད་གཞི་གསར་བ་གཏན་འབེབས་བྱས་ཡོད་ཟེར། 

རིམས་འགོག་བྱེད་ཐབས་ཐད་ནས་ཝུའུ་ཁི་ལན་གྱིས་ཚེས་ཉེར་བརྒྱད་ཉིན་ནས་བཟུང་རྒྱལ་མཚམས་བཀག་སྡོམ་བྱས་ཏེ། འགྲུལ་སྐྱེལ་རླངས་འཁོར་འགྲོ་འོང་བྱེད་པར་ཚོད་འཛིན་བྱས་ཡོད་ཀྱང་། ཝུའུ་ཁི་ལན་མཐའ་སྲུང་ཅུའུ་ཡི་དབང་ཆ་ཐོབ་ན་གནས་སྐབས་སུ་འགྲོ་རུ་འཇུག་པ་དང་། ཕྱི་རྒྱལ་དུ་ཡོད་པའི་ཝུའུ་ཁི་ལན་གྱི་སྤྱི་དམངས་དག་གིས་སྒེར་གྱི་རླངས་འཁོར་བསྐོར་བའམ་རྐང་ཐང་དུ་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡོང་ཆོག་པ་རེད། ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཝུའུ་ཁི་ལན་མངའ་ཁོངས་ཀྱི་ཀྲིག་དང་གྲོང་ཁྱེར་བར་གྱི་ལྕགས་ལམ་དང་མཁའ་འགྲུལ། གཞུང་ལམ། ས་འོག་ལྕགས་ལམ་བཅས་མཚམས་འཇོག་ཏུ་བཅུག་ཡོད། བྱེད་ཐབས་དེ་དག་ཟླ་བཞི་བའི་ཚེས་ཉེར་བཞིའི་ཉིན་བར་རྒྱུན་འཁྱོངས་བྱེད་རྒྱུ་རེད། 

ཨ་སེ་པེད་ཅང་གིས་ཚེས་ཉེར་དགུ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྔར་ལས་གཟབ་ནན་གྱི་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་པ་དང་། དེའི་ནང་མངའ་ཁོངས་རང་གི་ས་ཁུལ་དང་གྲོང་ཁྱེར་བར་གྱི་འགྲིམ་འགྲུལ་ཡོད་ཚད་མཚམས་འཇོག་དགོས་ལ། དངོས་ཟོང་སྐྱེལ་འདྲེན་དང་སྨན་བཅོས་སྤྱོད་སྒོ་ཅན་གྱི་རླངས་འཁོར་འགྲོ་འོང་བྱས་ཆོགཔ་རེད། 

རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་ཆེད། ཝུའུ་ཙི་པེ་ཁི་སི་ཐན་སྲིད་གཞུང་གིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་ནས་ཟླ་བཞི་བའི་ཚེས་ཉི་ཤུའི་ཉིན་བར། དམིགས་བསལ་གྱི་ཆོག་མཆན་དབང་ཡིག་ཐོབ་པའི་རླངས་འཁོར་མ་གཏོགས། རླངས་འཁོར་གཞན་པ་གཅིག་ཀྱང་འགྲོ་འོང་བྱེད་དུ་མི་འཇུག་རྒྱུ་ཐག་བཅད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།