ཀི་ལུའུ་ཅི་ཡཱ་ཡིས་མཚན་མགྲོན་འགོག་པ་སོགས་རིམས་འགོག་བྱེད་ཐབས་མང་བོ་ལག་བསྟར་བྱེད་རྒྱུ་རེད། 
2020.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཀི་ལུའུ་ཅི་ཡཱའི་སྲིད་གཞུང་གིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མཚན་མགྲོན་འགོག་པ་སོགས་རིམས་འགོག་བྱེད་ཐབས་མང་བོ་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ཧཱ་ལི་ཡཱ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྱི་དུས་ཚོད་བརྒྱད་ནས་བཟུང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དམིགས་བསལ་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཉིན་རེའི་དགོང་མོའི་དུས་ཚོད་དགུ་ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་བར་མཚན་མགྲོན་འགོག་པ་དང་། སྤྱི་བའི་འགྲིམ་འགྲུལ་ཡོད་ཚད་ལས་གཉེར་བྱེད་མཚམས་འཇོག་པ། གླ་གཏོང་རླངས་འཁོར་དང་སྒེར་གྱི་རླངས་འཁོར་ལམ་དུ་བགྲོད་ན་རླངས་འཁོར་སྟེང་གི་མི་གྲངས་གསུམ་ལས་བརྒལ་མི་རུང་བ། སྨན་རྫས་འཚོང་ཁང་དང་ཟས་རིགས་འཚོང་ས་ལས་གཞན། སྤྱི་བའི་འདུ་ར་གང་རུང་ནས་མི་གསུམ་ལས་བརྒལ་བའི་འདུ་ཚོགས་སྤེལ་མི་རུང་བ། གྲོང་ཁྱེར་གཙོ་བོའི་འགྲོ་འོང་བྱེད་སར་ཞིབ་བཤེར་ས་ཚིགས་འཛུགས་པ་སོགས་འདུས། 

དེའི་སྔོན་ཀི་ལུའུ་ཅི་ཡཱའི་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་རྒྱལ་ཁབ་ཀྱི་དོགས་ཟོན་ཇེ་མཐོར་བཏང་སྟེ། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཀི་ལུའུ་ཅི་ཡཱའི་སྲིད་གཞུང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་དྲ་ཚིགས་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཀི་ལུའུ་ཅི་ཡཱ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་དགུ་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ནད་པ་བརྒྱར་བསླེབ་ཡོད། དེའི་ནང་ནད་པ་བཅོ་བརྒྱད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།