ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་ཨ་མེ་རི་ཁའི་གྲོས་མོལ་ཅུའུ་ཀྲང་གསར་བས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཁྲའོ་ཞན་དང་འབྲེལ་བའི་གཏམ་བཤད་སྤེལ་བར་སྐྱོན་འཛུགས་བྱས་པ་དང་། མུ་མཐུད་དུ་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སྤེལ་བར་སྤྲོ་བ་མེད་པའི་ཚུལ་བསྟན།
བསྒྲགས་པ་ལྟར་ན། ཕིན་ཕའེ་ཨོ་ཡིས་ཉེ་སྔོན་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་བརྙན་རིས་གྲོས་ཚོགས་སྤེལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲའོ་ཞན་ལ་ཕྱི་འབྲེལ་དང་དཔལ་འབྱོར་ཐད་ནས་གནོན་ཤུགས་བྱིན་ཏེ། ཁྲའོ་ཞན་ཡང་བསྐྱར་གྲོས་མོལ་ནང་ཞུགས་སུ་འཇུག་དགོས་པའི་རེ་བ་བཏོན་ཡོད།
མིང་གསལ་བོར་མ་བཤད་པའི་ཅུའུ་ཀྲང་གསར་བ་དེས་བཤད་རྒྱུར། ཕྱོགས་གཅིག་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁྲའོ་ཞན་ལ་འཕྲིན་ཡིག་བསྐུར་ནས་ཁྲའོ་ཞན་གྱི་རིམས་ནད་འགོག་བཅོས་ཐད་རོགས་རམ་དང་ཕྱོགས་གཉིས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན། ཕྱོགས་གཞན་ཞིག་ནས་ཕིན་ཕའེ་ཨོ་ཡིས་ཁྲའོ་ཞན་ལ་མི་བཤད་དགུ་བཤད་བྱེད་བཞིན་ཡོད། དེ་ལས་ཁྲའོ་ཞན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་དུ་མི་སྒེར་གྱི་འབྲེལ་བ་ཅི་འདྲའི་བཟང་བོ་ཡོད་ཀྱང་། ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་རྣམ་འགྱུར་ལ་འགྱུར་ལྡོག་འབྱུང་མི་སྲིད་པ་དང་། ཨ་མེ་རི་ཁས་བརྗོད་པའི་གྲོས་མོལ་སླར་གསོ་བྱེད་པའི་འབྲེལ་ཡོད་གཏམ་བཤད་ནི་ཁྲའོ་ཞན་གྱི་མདུན་བསྐྱོད་ལ་བར་ཆད་བཟོ་རྩིས་བྱེད་པའི་འཐབ་རྩལ་ཅིག་ལས་མ་འདས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།