འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་ཞོར་དུ་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པའི་ཚུལ་བསྟན། 
2020.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་བསྟན་དོན། རྒྱལ་ཁབ་སོ་སོས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཞོར་དུ། མུ་མཐུད་དུ་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཟེར། 

ཐན་ཏི་སེ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རྒྱ་ཡན་དུ་སོང་བ་ལས་རྒྱལ་ཁབ་མང་བོའི་འཕྲོད་བསྟེན་མ་ལག་ལ་དཀའ་སྡུག་ཆེན་པོ་བཟོས། འཕྲོད་བསྟེན་སྒྲིག་ཆས་དང་འཕྲོད་བསྟེན་བྱ་བ་བྱེད་མཁན་གྱི་དགོས་མཁོ་ཡང་མྱུར་མོར་ཇེ་མང་དུ་སོང་ཡོད་ལ། དེ་ལས་འཕྲོད་བསྟེན་མ་ལག་རེ་འགའ་ཕན་ནུས་ལྡན་པར་འཁོར་བསྐྱོད་བྱེད་ཐབས་མེད་པར་གྱུར་ཡོད་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། སྔོན་བྱུང་གི་རིམས་ནད་དག་ལས་འཕྲོད་བསྟེན་མ་ལག་ལ་དཀའ་སྡུག་ཆེ་བའི་སྐབས་སུ། སྔོན་འགོག་དང་གསོ་བཅོས་བྱེད་ཐུབ་པའི་ནད་ལས་བྱུང་བའི་ནད་པའི་ཁ་གྲངས་ཇེ་མང་དུ་འགྲོ་བའི་སྣང་ཚུལ་འབྱུང་སྲིད། དེ་བས་ང་ཚོ་ཉེན་ཁའི་གནས་སུ་ལྷུང་ཡོད་ཀྱང་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། བྱིས་པ་མང་བོ་སྔར་བཞིན་སྐྱེས་བཞིན་ཡོད་པ་དང་། འགོག་སྨན་སྔར་བཞིན་བརྒྱག་དགོས་ལ། ནད་གཞན་བྱུང་བའི་ནད་པར་སྔར་བཞིན་གསོ་བཅོས་བྱས་ཏེ་ཚེ་སྲོག་སྐྱོབ་དགོས་ཟེར། 

ཐན་ཏི་སེ་ཡིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཕྱོགས་སྟོན་ཞིག་སྤེལ་ཏེ། རྒྱལ་ཁབ་སོ་སོས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་དང་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་སྲུང་འཛིན་བྱེད་པ་དོ་མཉམ་ཡོང་བར་རོགས་རམ་བྱེད་རྒྱུ་ཡིན། ཕྱོགས་སྟོན་དེ་ལས་མྱུར་མོར་དམིགས་སའི་རང་བཞིན་ལྡན་པའི་འགུལ་སྐྱོད་རབ་དང་རིམ་པ་སྤེལ་བ་དང་། སྤུས་ཚད་མཐོ་བའི་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་ཐོབ་པར་ཡང་བསྐྱར་རྩ་འཛུགས་དང་ཁག་ཐེག་བྱེད་དགོས་པའི་གྲོས་གཞི་བཏོན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།