ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་ཏུ་རྒྱལ་གཅེས་པའི་འཕུར་མདའ་འགོག་སྲུང་མ་ལག་ཆ་ཚང་བཀོད་སྒྲིག་བྱས།
2020.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་ཏུ་རྒྱལ་གཅེས་པའི་འཕུར་མདའ་འགོག་སྲུང་མ་ལག་མང་པོ་བཀོད་སྒྲིག་བྱས་ནས། ཨ་མེ་རི་ཁའི་དམག་དཔུང་ལ་དབྱི་ལིང་གི་འཕུར་མདའ་ཡི་འཇབ་རྒོལ་ཐེབས་པར་སྔོན་འགོག་སྲུང་སྐྱོབ་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་པོ་ཞིག་གིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་གཟའ་འཁོར་སྔོན་མར་དབྱི་རག་ནུབ་རྒྱུད་ཀྱི་ཨ་ཏི་སཱ་མོ་རྟེན་གཞི་རུ་རྒྱལ་གཅེས་པའི་འཕུར་མདའ་འགོག་སྲུང་མ་ལག་ཆ་ཚང་བཀོད་སྒྲིག་བྱས་པ་དང་། མིག་སྔར་སྒྲིག་སྦྱོར་བྱེད་བཞིན་པའི་སྒང་རེད།

ཨ་མེ་རི་ཁའི་དཔོན་པོ་དེས་བཤད་རྒྱུར། རྒྱལ་གཅེས་པའི་འཕུར་མདའ་འགོག་སྲུང་མ་ལག་གཞན་པ་དེ་དབྱི་རག་བྱང་རྒྱུད་ཀྱི་ཨེར་པིས་ལི་རྟེན་གཞི་རུ་བཀོད་སྒྲིག་བྱས་པ་དང་། ད་དུང་རྒྱལ་གཅེས་པ་གཉིས་མིག་སྔར་ཁི་ཝེ་ཐི་རུ་ཡོད་ལ། མི་འགྱངས་པར་དབྱི་རག་ཏུ་འདྲུད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་དམག་དཔུང་གིས་ད་ལོའི་ཟླ་དང་པོའི་ཟླ་སྟོད་དུ་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་བར་སྣང་འཇབ་རྒོལ་སྤེལ་ནས། དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གི་བཀོད་འདོམས་དཔོན་པོ་ཁཱ་ཞི་མུའུ.སུའུ་ལའེ་མན་ཉི་བསད། དེར་དགྲ་ཤ་ལེན་ཆེད། དབྱི་ལིང་གིས་ཨ་མེ་རི་ཁའི་དམག་དཔུང་བཅའ་སྡོད་བྱས་ཡོད་པའི་དབྱི་རག་གི་རྟེན་གཞི་རུ་འཕུར་མདའ་འཕངས།

ཧྥ་རན་སིའི་གསར་འགྱུར་ཁང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁ་དང་དབྱི་རག་གཉིས་ཀྱིས་ཉེ་ལམ་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པའི་བྱ་བར་གྲོས་མོལ་བྱེད་བཞིན་ཡོད་ལ། གནས་སྐབས་ད་དུང་འཐད་པ་བྱུང་ཡོད་མེད་མི་ཤེས། དབྱི་རག་གིས་སྔོན་ཆད་འགོག་སྲུང་མ་ལག་དེ་བཀོད་སྒྲིག་བྱེད་རྒྱུ་དང་ལེན་མ་བྱས་པ་དང་། རྒྱུ་མཚན་ནི་དབྱི་ལིང་གིས་དེ་འཇིགས་སྐུལ་དུ་བརྩིས་ནས། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སེམས་ཁྲལ་བྱེད་བཞིན་ཡོད་ཟེར།

རིན་ཆེན་མཚོས་བསྒྱུར།