དབྱི་སི་རལ་གྱིས་ཡང་བསྐྱར་ཕ་ལེ་སི་ཐན་ཡེ་ལུའུ་ས་ལན་གྲོང་ཁྱེར་ཤར་མའི་ཧྲི་ཀྲང་འཛིན་བཟུང་བྱས།
2020.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན། ཕ་ལེ་སི་ཐན་གྱི་ཡེ་ལུའུ་ས་ལན་ཤར་མའི་གྲོང་ཁྱེར་གྱི་ཧྲི་ཀྲང་ཨ་ཏི་ནན·ཀའེ་སི་འཛིན་བཟུང་བྱས་པ་རེད། གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ནི་དབྱི་སི་རལ་ཕྱོགས་ཀྱིས་ཉེ་བའི་ལོ་གཅིག་དང་ལོ་ཕྱེད་ནང་ཉུང་མཐར་ཡང་ཀའེ་སི་འཛིན་བཟུང་བྱེད་ཐེངས7པ་རེད་ཟེར།

དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་སྨི་ཅི·ལུའོ་སེན་ཧྥེར་ཏེས་ཚེས་ལྔ་ཉིན་གྱི་ཞོགས་པར། “ཁྲིམས་འགལ་གྱི་བྱ་སྤྱོད”སྤེལ་བའི་རྐྱེན་གྱིས་ཀེ་སི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད། ཁོས་ཀེ་སི་ཡིས“ཁྲིམས་དང་མི་མཐུན་པའི་བྱ་སྤྱོད”གང་དག་བཟོས་པའི་སྐོར་གླེང་མེད།

སྤྱི་ཚོགས་ཀྱི་གསར་ལམ་ཐོག་ཁྱབ་པའི་བརྙན་ལམ་དུམ་བུ་ཞིག་ལས་མངོན་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ཀའེ་སི་ཡེ་ལུའུ་ས་ལན་ཤར་མའི་རང་ཁྱིམ་ནས་འཛིན་བཟུང་བྱས་ནས་འཁྲིད་སོང་བ་དང་། བཟུང་ནས་འགྲོ་སྐབས་ཀའེ་སིས་འགྱིག་གི་ལག་ཤུབས་གྱོན་ནས་ཐ་མག་འཐེན་བཞིན་ཡོད།

ཀའེ་སིའི་ཁྲིམས་རྩོད་པས་བཤད་རྒྱུར། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཀའེ་སི་འཛིན་བཟུང་བྱས་རྗེས་འདྲི་གཅོད་བྱེད་རྒྱུ་ཡིན་ཞིང་། འདྲི་གཅོད་ནང་དོན་ནི་ཕ་ལེ་སི་ཐན་གྱིས་པྲོག་གསར་རིམས་ནད་འགོག་རྒོལ་བྱེད་ཐབས་དང་འབྲེལ་བ་ཡོད་ཟེར།

ཧྥ་རན་སི་གསར་འགྱུར་ཁང་གིས་བསྒྲགས་དོན། ན་ནིང་ཀའེ་སི་ཉུང་མཐར་ཡང་དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་ཐེངས6བྱས་པའི་ནང་། འཛིན་བཟུང་བྱས་པའི་རྒྱུ་རྐྱེན་ནི་ཀའེ་སིས་ཡེ་ལུའུ་ས་ལན་ཤར་མ་རུ་ཆབ་སྲིད་ཀྱི་བྱེད་སྒོ་སྤེལ་བ་དང་འབྲེལ་བ་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།