ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཨུ་རུ་སིའི་དམག་དཔུང་གིས་རིམས་འགོག་གྲ་སྒྲིག་གང་ལེགས་བྱས་ཡོད་པའི་ཚུལ་བསྟན། 
2020.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་བདུན་ཉིན་མའོ་སི་ཁི་ནས་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། ཨུ་རུ་སིའི་དམག་ཕྱོགས་ཀྱི་སྒྲོམ་ཤག་སྨན་ཁང་བཅུ་དྲུག་ཟླ་ལྔ་བའི་ཚེས་བཅོ་ལྔའི་ཡར་སྔོན་དུ་ཡོངས་འགྲུབ་བྱེད་ཐུབ་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་ཚེས་བདུན་ཉིན་ཨུ་རུ་སིའི་དམག་ཕྱོགས་ཀྱི་རིམས་འགོག་བྱ་བའི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་གོང་གི་རྣམ་འགྱུར་དེ་བསྟན་པ་རེད། ཁོས་བཤད་རྒྱུར། ཙུང་ཐུང་ཕུའུ་ཅིན་གྱི་བཀའ་རྒྱ་གཞིར་བཟུང་སྟེ། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་ནས་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་བར་རིམས་འགོག་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས། ཞིབ་བཤེར་མཇུག་འབྲས་ལས་མངོན་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་རིམས་འགོག་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། རིམས་ནད་མཆེད་པའི་གནས་ཚུལ་གང་རུང་ཐག་གཅོད་བྱེད་ཐུབ་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་དམག་དཔུང་གི་རིམས་འགོག་བཀོད་འདོམ་པུའུ་བཙུགས་པ་དང་། དམག་ཁུལ་སོ་སོ་དང་དམག་ཚོགས་སོ་སོར་ཡང་རིམས་འགོག་ཚན་ཆུང་བཙུགས་ཡོད། ཨུ་རུ་སིའི་དམག་དཔུང་གིས་ད་རུང་རུ་ཁག་ཞེ་དགུ་རྩ་འཛུགས་བྱས་པ་དང་། གནས་ཚུལ་ལ་གཞིགས་ཏེ་དུས་ངེས་མེད་དུ་ས་ཁུལ་སོ་སོར་སོང་ནས་རིམས་ནད་འགོག་རྒོལ་བྱ་བར་ཞུགས་རྒྱུ་རེད། དེ་ལས་གཞན་ཨུ་རུ་སིའི་དམག་དཔུང་གིས་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་གྱི་ཡར་སྔོན་དུ་སྒྲོམ་ཤག་སྨན་ཁང་བཅུ་དྲུག་འཛུགས་སྐྲུན་ཡོངས་འགྲུབ་བྱེད་རྒྱུ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།