འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཚེས་བཅོ་བརྒྱད་ཉིན་ཚོགས་འགོ་བརྩམས།
2020.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པ་ཚེས་བཅོ་བརྒྱད་ཉིན་ཚོགས་འགོ་བརྩམས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སའེ་ཡིས་ཡང་བསྐྱར་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ནས་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་རྒྱུའི་འབོད་སྐུལ་བཏང་བ་དང་། འཛམ་གླིང་ལ་རིམས་འགོག་ཐད་མཁོ་བའི་ཡོ་བྱད་དང་ཚན་རིག་ཡང་ན་ཐོན་ཁུངས་མི་དཀོན་ལ། ཆེས་དཀོན་པ་ནི་ཡོ་བྱད་དེ་དག་དང་ཚན་རིག ཐོན་ཁུངས་བཀོལ་སྤྱོད་བྱེད་པའི་རྒྱུན་མཐུད་དམ་བཅའ་ཡིན་ཟེར།

ཐད་ཏི་སའེ་ཡིས་ཚོགས་ཐོག་ནས་གཏམ་བཤད་སྐབས་བཤད་རྒྱུར། པྲོག་གསར་ནད་དུག་གསར་བའི་གློ་ཚད་ནི་ང་ཚོའི་དུས་རབས་འདིའི་འཕྲོད་བསྟེན་ཉེན་ཁ་ཆེན་པོ་ཡིན་པ་དང་། རྒྱལ་ཁབ་སོ་སོ་དང་རྩ་འཛུགས་སོ་སོས་ངེས་པར་དུ་རང་སོ་སོའི་རིམས་ནད་ལ་འགོག་རྒོལ་བྱེད་པའི་བྱ་བར་གདེང་འཇོག་བྱེད་པ་མ་ཟད། དེའི་ཁྲོད་ནས་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱེད་དགོས་ཟེར། ཁོས་ཡང་བསྐྱར་འཛམ་གླིང་ཡོངས་མཐུན་སྒྲིལ་བྱས་ནས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུའི་འབོད་སྐུལ་བཏང་བ་དང། ལོ་ངོ་བཞི་བཅུའི་སྔོན་དུ་རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་འོག་མཉམ་དུ་ལྷ་འབྲུམ་ལ་འགོག་རྒོལ་བྱེད་པ་དེ་དཔེ་གཞི་རུ་བྱས་ནས། མཐུན་སྒྲིལ་ནི་སྟོབས་ཤུགས་དང་མཐུན་སྒྲིལ་ནི་རྒྱལ་ཁ་ལེན་པའི་རྩ་བ་ཡིན་ཞེས་བསྟན།

རིམས་ནད་གནོད་པའི་དབང་གིས་ཐེངས་འདིའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་དེ་བརྙན་རིས་ཀྱི་རྣམ་པའི་སྒོ་ནས་བསྡུས་ཏེ། འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ནས་པྲོག་དབྱིབས་ནད་དུག་གསར་བར་འགོག་རྒོལ་བྱེད་པའི་ཐད་ནས་བཀོད་སྒྲིག་བྱས།