དབྱི་ཐ་ལིའི་ཁེ་ལས་འབུམ་བརྒྱད་ཀྱིས་ཚོང་གཉེར་སླར་གསོ་བྱས།
2020.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན། དབྱི་ཐ་ལིའི་ཁེ་ལས་མཉམ་འབྲེལ་ཚོགས་པས་གསལ་སྒྲོག་ཅིག་སྤེལ་བའི་ནང་བཤད་དོན། རིམས་ནད་བྱུང་སྟེ་ཟླ་གཉིས་ལྷག་ལ་ཚོང་གཉེར་བྱེད་མཚམས་བཞག་པའི་དབྱི་ཐ་ལིའི་ཁེ་ལས་འབུམ་བརྒྱད་ཀྱིས་ཚེས་བཅོ་བརྒྱད་ཉིན་རིམས་འགོག་གཏན་འཁེལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚོང་གཉེར་སླར་གསོ་བྱས།

དབྱི་ཐ་ལིའི་ཞིང་ར་འབྲིང་ཆུང་མཐུན་ཚོགས་ཀྱིས་ཚེས་བཅུ་དགུ་ཉིན་སྤེལ་བའི་གསལ་སྒྲོག་ནང་བཤད་དོན། བཀག་སྡོམ་བྱས་པའི་ཚུན་ལ། གནས་སྐོར་བ་ཕལ་ཆེར་མེད་པ་དང་ལས་བཟོ་བ་མང་ཤོས་ཀྱིས་རྒྱང་བསྟེན་གཞུང་སྒྲུབ་བྱེད་ཀྱིན་ཡོད་ལ། དབྱི་ཐ་ལིའི་ཟ་ཁང་དང་ཞིང་རའི་མགྲོན་ཁང་གི་ཚོང་གཉེར་ཡོང་སྒོ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་ཅུའི་ཡས་མས་ཇེ་ཉུང་དུ་སོང་བས་རྒྱལ་དམངས་དཔལ་འབྱོར་ཐད་ལ་གནོན་ཤུགས་ཆེན་པོ་བཟོས་ཟེར།

དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་པུའུ་ཡིས་ཚེས་བཅུ་དགུ་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་བརྒྱད་བརྒྱ་དང་བཅུ་གསུམ་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་གཉིས་སྟོང་དྲུག་དང་དྲུག་བརྒྱ་གོ་དགུ་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་རེ་གཉིས་འཕར་སྣོན་བྱུང་བ་དང་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གསུམ་དང་སྟོང་གཉིས་བརྒྱ་དང་རེ་དགུ་ལ་སླེབས། ནད་པ་སྟོང་གཉིས་དང་དོན་ལྔ་དྲག་སྐྱེད་བྱུང་བ་དང་སྡོམ་པས་ནད་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་དགུ་བཞི་བརྒྱ་དང་གཅིག་དྲག་སྐྱེད་བྱུང་།