ཐན་ཏི་སའེ་ཡིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་ལ་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ཟེར།
2020.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སའེ་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ནང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་དབྱིབས་ནད་དུག་གང་སར་མཆེད་ཀྱིན་པར་འགོག་རྒོལ་བྱེད་པའི་ཁྲོད་ཀྱི་འགག་རྩའི་ནུས་པ་ནན་བཤད་བྱས་ཡོད་པས། གྲོས་ཆོད་དེར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད་ཟེར།

ཐན་ཏི་སའེ་ཡིས་ཉིན་དེའི་བརྙན་འཕྲིན་གསར་འགོད་པའི་ཚོགས་འདུའི་ཐོག་བསྟན་དོན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ཀྱིས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་ཁྲོད་ངེས་པར་དུ་སྤྱོད་དགོས་པའི་འགག་རྩའི་བྱ་སྤྱོད་ལ་ལམ་ཐིག་རི་མོ་གསལ་པོ་བཟོས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེའི་ཚོགས་མིའི་རྒྱལ་ཁབ་ལ་འགན་འཁྲི་ཁག་བགོས་བྱས་ཡོད། རིམས་ནད་ཐོན་ཚུན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་རེ་འབོད་བྱས་པའི“སྲིད་གཞུང་ཧྲིལ་པོ”དང“སྤྱི་ཚོགས་ཧྲིལ་པོའི”ཕྱོགས་བསྡུས་རིམས་ནད་འགོག་པའི་བྱེད་ཐབས་ལ་ཁས་ལེན་བྱས་ཡོད་ཟེར། ཁོས་ཁོངས་ཞུགས་རྒྱལ་ཁབ་ཁག་གིས་འགོག་རྐྱེན་ཚང་མ་བསལ་ནས། མང་ཚོགས་ལ་ནད་གཞི་བརྟག་དཔྱད་ཡོ་བྱད་གསར་པ་དང་གསོ་བཅོས། རིམས་འགོག་སྨན་ཁབ་བཅས་ཐོབ་རྒྱུའི་ཁས་ལེན་གནང་བར་དགའ་བསུ་ཞུ་རྒྱུ་ཡིན་ཟེར།

ཐན་ཏི་སའེ་ཡིས་གྲོས་ཆོད་ཁྲོད་ཀྱི་གནད་འགག་བཞི་ནན་བཤད་བྱས་ཡོད་དེ། གཅིག་ནས་གོ་ལ་ཧྲིལ་པོར་འདྲ་མཉམ་ངང་བགོ་བཤའ་རྒྱག་རྒྱུ་སྔོན་ལ་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་དགོས་མཁོའི་དུས་སུ《ཉོ་ཚོང་དང་འབྲེལ་བ་ཡོད་པའི་ཤེས་བྱའི་བདག་དབང་གི་གྲོས་ཆོད》ཚུད་པའི་རྒྱལ་སྤྱིའི་ཆིངས་ཡིག་བེད་སྤྱོད་ཡག་པོ་བྱེད་དགོས། གསུམ་ནས་རིམས་འགོག་སྨན་ཁབ་གསར་པ་དེ་འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཐོན་རྫས་སུ་བརྩི་དགོས། བཞི་ནས་སྒེར་གཉེར་སྡེ་ཁག་དང་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་འབྲེལ་ཡོད་ཞིབ་འཇུག་གསར་སྤེལ་དབར་གྱི་མཉམ་ལས་ལ་སྐུལ་ལྕག་གཏོང་དགོས་ཤིང་། དེའི་ནང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྒོ་དབྱེ་གསར་གཏོད་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་དུ་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་ཚུད་ཡོད་ཟེར།

ཐན་ཏི་སའེ་ཡིས་ད་ཐེངས་ཀྱི་རིམས་ནད་གང་སར་མཆེད་པའི་ཁྲོད“ང་ཚོ་ད་དུང་སྔར་ལས་ལམ་ཐག་རིང་པོ་ཞིག་ལ་བསྐྱོད་དགོས”ཞེས་བཤད། འདས་ཟིན་པའི་ཆུ་ཚོད་ཉེར་བཞིའི་རིང་། རྒྱལ་ཁབ་ཁག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ནད་རྟགས་གསར་པ་གཏན་འཁེལ་བྱས་པའི་ནད་པ་འབུམ་གཅིག་དང་སྟོང་དྲུག་སྙན་ཞུ་བྱས་པ་དེ་ནི། རིམས་ནད་འགོ་བཙུགས་པ་ནས་བཟུང་ཉིན་གཅིག་ནང་སྙན་ཞུ་བྱས་པའི་ནད་པ་ཆེས་མང་ཤོས་ཤིག་རེད། དེའི་ནང་གི་སུམ་ཆའི་གཉིས་ནི་རྒྱལ་ཁབ་བཞི་ནས་ཡོང་བ་ཡིན། གཞན་ཡང་ཡོང་འབབ་དམའ་འབྲིང་གི་ཚད་ན་ཡོད་པའི་རྒྱལ་ཁབ་ཁ་ཤས་ཀྱི་ནད་པ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར། ཐན་ཏི་སའེ་ཡིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་པ་དང་། པྲོག་དབྱིབས་ནད་འགོག་སྨན་རྫས་དཔྱད་བསྡུར་ཞིབ་འཇུག་ལ་སྤྱོད་པའི“མཐུན་སྒྲིལ་ཚོད་ལྟའི”ལས་གཞིའི་ནང་དུ། རྒྱལ་ཁབ་བཅུ་བདུན་དང་སྨན་ཁང་སུམ་བརྒྱ་ཉི་ཤུ་ཡི་ནད་པ་སྟོང་གསུམ་ཚུད་ཡོད་པ་དང་། མིང་ལ“པྲོག་དབྱིབས་གློ་ཚད་ཀྱི་རིམས་ནད་འགོག་པའི་ཡོ་བྱད་མྱུར་འཕར་ཡོ་ཆས”ཞེས་པའི་རྒྱལ་སྤྱིའི་མཉམ་ལས་གྲོས་འགོ་ཡང་སྤེལ་འགོ་བརྩམས་ཡོད། ནད་གཞི་བརྟག་དཔྱད་ཡོ་བྱད་གསར་པ་དང་བཅོས་ཐབས། རིམས་འགོག་སྨན་ཁབ་བཅས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། དེ་བཞིན་བགོ་བཤའ་དྲང་གཞག་བཅས་གང་མགྱོགས་རྒྱག་དགོས་ཟེར།

ཐན་ཏི་སའེ་ཡིས་བསྟན་དོན། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་སྐབས་འདིའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་རིམས་ནད་བཀག་འགོག་དང་ཚེ་སྲོག་སྐྱོབ་པ། འཚོ་ཐབས་སླར་གསོ་སོགས་ཀྱི་དམིགས་ཚད་གཙོ་བོ་རགས་ཙམ་བརྗོད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་མཁོ་སྤྲོད་སྦྲེལ་ཐག་གི་སྒོ་མོ་འབྱེད་རྒྱུར་འགན་ལེན་བྱས་ནས། སྨན་བཅོས་ཡོ་བྱད་འཕྲོད་བསྟེན་ལས་དོན་པ་དང་ནད་པར་སྐྱེལ་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པ་ཚེས་བཅུ་དགུ་ཉིན་གྲོལ་བ་རེད། ཐན་ཏི་སའེ་ཡིས་ཚོགས་ཆེན་གྲོལ་བའི་ཤིས་ཚིག་ནང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས། གོ་ལ་ཧྲིལ་པོའི་རིམས་ནད་ལ་ཁ་གཏད་གཅོག་རྒྱུ་དང་། རྒྱལ་ཁབ་ཁག་གིས་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།