ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་སོ་སོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཁུལ་ཁོངས་མཐུན་སྒྲིལ་དང་རོགས་ལས་ལ་ཤུགས་བསྣན་ནས་རིམས་ནད་འགོག་རྒོལ་བྱེད་པའི་རེ་འབོད་བཏོན།
2020.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་སྐབས་དོན་དྲུག་པའི་ལོ་ཚོགས་ཚེས་ཉེར་གཅིག་ཉིན་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་ནས་ཚོགས། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་གྲོས་མོལ་བྱས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ཁོངས་མཉམ་ལས་ལ་ཤུགས་བསྣན་ནས། འགོ་ནད་དང་ཉམས་ཉེན་གྱིས་བཟོས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཤུགས་རྐྱེན་ལ་ཁ་གཏད་འཇལ་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་སོ་སོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཁུལ་ཁོངས་མཐུན་སྒྲིལ་དང་རོགས་ལས་ལ་ཤུགས་བསྣན་ནས། མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་བཟོས་བར་ཁ་གཏད་འཇལ་དགོས་པའི་རེ་འབོད་བཏོན། གྲོས་ཆོད་ནང་ད་དུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་མཚོན་པར་བྱས་ཡོད།

གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་དུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་མི་ལིས་ཧོང་གིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་ཕན་ཚུན་ལ་རོགས་རེས་དང་མཐུན་སྒྲིག་དམ་པོ་བྱས། ཀྲུང་གོར་ཧ་ཅང་དཀའ་ཁག་ཆེ་བའི་སྐབས་སུ་རྒྱལ་ཁབ་གང་མང་གིས་རྒྱབ་སྐྱོར་ཆེན་པོ་བྱས་པས་ང་ཚོས་བཀའ་དྲིན་ཆེ་ཞུ་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གྲོས་ཆོད་ཀྱི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་ནས། རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་ངེས་ཡིན་ཟེར།