ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཁཱ་ལཱ་ཅི་ནས་སར་ལྷུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་བཅོ་ལྔར་རྨས་ཕོག 
2020.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 122

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། མི་མང་བོ་ཕཱ་ཁི་སི་ཐན་གྱི་ཁཱ་ལཱ་ཆིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་སའི་ཉེ་འདབས་སུ་འདུས་ཡོད་པ། 

ཕཱ་ཁི་སི་ཐན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟི་ཡིས་ཚེས་ཉེར་གཉིས་ཉིན་བདེན་དཔང་བྱས་དོན། ཀུང་ཟི་དེའི་འགྲུལ་བ་བརྒྱ་ཙམ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེའི་ཕྱི་དྲོར་ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ལཱ་ཆི་ཡི་སྡོད་དམངས་ས་ཁུལ་ཞིག་ཏུ་ལྷུང་། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་མིག་སྔར་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

ཕཱ་ཁི་སི་ཐན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟིའི་མགྲིན་ཚབ་པ་ཧཱ་ཧྥེ་ཙི་ཡིས་བཤད་རྒྱུར། འགྲུལ་སྐྱེལ་གནམ་གྲུ་དེ་སར་འབབ་རྩིས་བྱེད་སྐབས། ཁཱ་ལཱ་ཆིའི་ཀྲིན་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ཀྱི་སྡོད་དམངས་ཁུལ་དུ་སར་ལྷུང་བ་རེད་ཟེར། 

ཧཱ་ཧྥེ་ཙི་ཡིས་བཤད་རྒྱུར། གནམ་གྲུ་དེ་ཕྱི་དྲོས་དུས་ཚོད་གཅིག་དང་སྐར་མ་བརྒྱད་སྟེང་ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ལཱ་ཧཱ་ཨར་ནས་འཕུར་བ་དང་། གནམ་གྲུའི་ཁ་ལོ་བས་ཀྲིན་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཚོད་འཛིན་ལྟེ་གནས་སུ་ལག་རྩལ་ཆག་སྐྱོན་བྱུང་བར་སྙན་ཞུ་བྱས་རྗེས། འགྲུལ་སྐྱེལ་གནམ་གྲུ་དེ་དུས་ཚོད་གཉིས་དང་སྐར་མ་སོ་བདུན་སྟེང་གནམ་གྲུ་ཐང་གི་ཚོད་འཛིན་ལྟེ་གནས་བར་འབྲེལ་ཐག་ཆད་པ་དང་དུས་ཚོད་གཉིས་དང་སྐར་མ་ཞེ་ལྔའི་སྟེང་སར་ལྷུང་ཟེར། 

བསྒྲགས་པ་ལྟར་ན། བདེ་འཇགས་དམག་དཔུང་དང་ཉེན་རྟོག་པ། རྒུད་སྐྱོབ་མི་སྣ་བཅས་གནམ་གྲུ་སར་ལྷུང་སར་འབྱོར་ནས་རྒུད་སྐྱོབ་བྱེད་བཞིན་ཡོད། རྒུད་སྐྱོབ་མི་སྣས་བལྟས་ན། ས་ངོས་ཀྱི་མི་སྣ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་སྲིད་པར་འདོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།