ཨུ་རུ་སི་དང་དབྱི་རག་གི་འགོ་ཁྲིད་པས་ཁ་པར་བརྒྱུད་དེ་མཛའ་མཐུན་འབྲེལ་བར་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས།
2020.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་ལྔ་ཉིན་དབྱི་རག་གི་ཙུང་ཐུང་ཁཱ་ཏིས་མུས་ལ་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་ཤུགས་སྣོན་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་ནི་དབྱི་རག་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་ཞིང་། ཨུ་རུ་སི་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཉོ་ཚོང་འབྲེལ་བ་དང་ནུས་ཁུངས་མཉམ་ལས་ཐད་ནས་གྲོས་མོལ་བྱས་པ་རེད། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཁྱབ་ཁོངས་ཀྱི་ཉམས་ཉེན་ལ་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དང་དབྱི་རག་རྒྱལ་ཁབ་གཉི་ག་ཧུར་ཐག་སྒོས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་བཀོད་པའི་རྡོ་སྣུམ་གྱི་ཐོན་སྐྱེད་ཇེ་ཉུང་དུ་གཏོང་བའི་གྲོས་མཐུན་ནང་ཞུགས་པར་གདེང་འཇོག་གང་ལེགས་བྱས་པ་དང་། མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་རིན་གོང་གཏན་འཇགས་ཡོང་བའི་ཆེད་དུ་རྒྱལ་ཁབ་གཉིས་ཀྱི་རོགས་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། སི་རི་ཡཱའི་གནད་དོན་ཐད་ནས་ཨུ་རུ་སི་དང་དབྱི་རག་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། སི་རི་ཡཱའི་གནས་བབ་དུས་ཡུན་རིང་བོར་གཏན་འཇགས་ཡོང་བ་དང་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་མངོན་འགྱུར་བྱེད་པའི་གྲོས་ཐག་བཅད་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།