མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཉམས་ཉེན་ལ་མི་ཚང་མ་མཉམ་དུ་ཞུགས་ནས་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན།
2020.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཞན་ཆ་མངོན་པར་བྱས་པ་དང་། དེ་ནི་འཛམ་གླིང་ཡོངས་ཀྱི་ཉམས་ཉེན་ཅིག་ཡིན་པས། མི་ཚང་མས་མཉམ་དུ་ཞུགས་ནས་ཐག་གཅོད་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཉིན་དེར་སྐུད་ཐོག་ནས་སྤེལ་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྐབས་དང་རིམས་ནད་མཇུག་སྒྲིལ་རྗེས་ཀྱི་འཕེལ་རྒྱས་དངུལ་བསྡུའི་གནད་དོན་གྱི་མཐོ་རིམ་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། རིམས་ནད་ཀྱི་འགག་སྒོ་ལས་ཐར་ནས་དཔལ་འབྱོར་སྔར་ལས་སླར་གསོ་བྱེད་པར་མ་དངུལ་མང་བོ་མཁོ་ཟེར། ཁོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་བཅས་ཀྱིས་དོན་དེའི་ཐད་སྤྱད་པའི་འགུལ་སྐྱོད་ལ་དགའ་བསུ་ཞུས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་པན་ཏིས་ཀྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་དཔལ་འབྱོར་དང་དངུལ་ལོར་མ་ལག་ལ་གནོད་པ་བཟོས་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་བོར་ནོར་སྲིད་བྱེད་ཐབས་ལ་བརྟེན་ནས་པྲོག་དབྱིབས་ནད་དུག་གསར་བ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་ཐབས་མེད་པ་དང་། རིམས་ནད་ལས་སྤྱི་ཚོགས་དང་དཔལ་འབྱོར་ཐད་བཟོས་པའི་གནོད་པ་ཇེ་མང་དུ་གཏོང་ཐབས་མི་འདུག འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གོ་རིམ་མེད་ཅིང་ཆིངས་ཡིག་དང་འགལ་བའི་གནས་སུ་ལྷུང་བར་སྔོན་འགོག་བྱེད་ཆེད་བྱེ་བྲག་གི་གྲོས་གཞི་དང་དུས་ལྟར་གྱི་འགུལ་སྐྱོད་སྤེལ་དགོས་ཟེར། 

ཐེངས་འདིའི་བྱ་འགུལ་ནི་ཀུའུ་ཐི་ལོས་སི་དང་ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ། ཡཱ་མེད་ཅཱའི་ཙུང་ཐུང་ཧའོ་ཨར་ནེ་སི་བཅས་ཀྱིས་མཉམ་དུ་སྤེལ་བ་ཡིན་ཞིང་། གྲོས་གཞི་གཙོ་བོ་ནི་འཛམ་གླིང་ཡོངས་ཀྱི་འཁོར་རྒྱུག་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་དངུལ་བུན་གྱི་ཉམ་ཞན་རང་བཞིན་ཐག་གཅོད་བྱེད་པ། ཕྱི་ཕྱོགས་ཀྱི་དངུལ་གསོག་ལ་ཤུགས་སྣོན་པ་སོགས་འདུས། རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོ་ལྔ་བཅུ་ལྷག་གྲོས་བསྡུར་ལ་ཞུགས་ཡོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།