འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་ཐང་དེ་གྲོང་ཁྱེར་དང་ས་ཁུལ་གྱི་འཆར་འགོད་ནང་དུ་འཇོག་དགོས་པའི་འབོད་སྐུལ་བཏང་།
2020.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་དགུའི་ཉིན་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་གྲོང་ཁྱེར་དང་ས་གནས་སྲིད་གཞུང་དེ་བདེ་ཐང་གི་སྐུལ་འདེད་མཁན་ཡིན་པའི་ནུས་པ་འབུར་ཐོན་དུ་བྱས་པ་དང་། རྒྱལ་ཁབ་སོ་སོས་བདེ་ཐང་དག་གྲོང་ཁྱེར་དང་ས་ཁུལ་གྱི་འཆར་འགོད་ནང་འཇོག་དགོས་ཟེར། 

ཉིན་དེར་འཛམ་གླིང་གི་གྲོང་ཁྱེར་དང་ས་གནས་སྲིད་གཞུང་གི་མཉམ་འབྲེལ་རྩ་འཛུགས་ཀྱིས་སྤེལ་བའི་བརྙན་རིས་གྲོས་ཚོགས་སྟེང་། ཐན་ཏི་སེ་ཡིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཉམ་ལས་གང་ལེགས་བྱས་ཤིང་། ཇི་ལྟར་གྲོང་ཁྱེར་གྱི་ཁོར་ཡུག་ཁྲོད་པྲོག་དབྱིབས་ནད་དུག་གསར་བར་འགོག་སྲུང་བྱེད་པའི་མཛུབ་སྟོན་བསམ་འཆར་གཏན་འབེབས་བྱས་ཡོད་ཀྱང་། གྲོང་ཁྱེར་མགོ་ཁྲིད་པའི་མིག་རྒྱང་དེ་མིག་སྔའི་འགོག་སྲུང་བྱེད་ཐབས་ལས་འདུས་ནས་རིམས་ནད་མཇུག་སྒྲིལ་རྗེས་ཀྱི་སླར་གསོའི་འཆར་གཞིར་བློ་མིག་གཏད་ཡོད་ཟེར།

ཁོས་བསྟན་དོན། རིམས་ནད་ལས་ད་ལྟའི་འདྲ་མཉམ་མིན་པའི་སྣང་ཚུལ་གསལ་རྗེན་དུ་མངོན་པར་བྱས་ཡོད་པ་དང་། མི་དུང་ཕྱུར་མང་བོར་དམངས་ཀྱི་སྨན་བཅོས་འགན་སྲུང་མེད་པས་བློ་གཏོད་རུང་བའི་སྨན་བཅོས་ཞབས་ཞུ་ཐོབ་ཐབས་མེད་ལ། འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་མ་ལག་ཡིན་ཡང་ཞན་ཆ་དེ་འདྲ་གནས་ཡོད། དུས་ཡུན་ཐུང་ངུ་དང་དུས་ཡུན་རིང་བོར་སླར་གསོ་བྱེད་པའི་སྲིད་ཇུས་ཀྱིས་མ་འོངས་པའི་ལོ་འགའི་རིང་གི་གྲོང་ཁྱེར་འཚོ་བའི་བྱེད་ཐབས་ཐག་གཅོད་བྱེད་དགོས་པ་དང་། འཛམ་གླིང་ཧྲིལ་བོ་ཡང་བསྐྱར་སྔོན་གྱི་ནོར་འཆུག་གི་ལམ་དུ་ཞུགས་མི་རུང་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། ཧྲིན་ཀྲང་དང་ས་གནས་སྲིད་གཞུང་གིས་གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། བདེ་ཐང་དང་བདེ་སྐྱིད་དེ་གྲོང་ཁྱེར་འཆར་འགོད་ནང་འཇོག་པ་ནི་རྣམ་པ་བསྒྱུར་བའི་གོ་རིམ་གལ་ཆེན་ཞིག་རེད། དེ་འཕྲོད་བསྟེན་དང་འགྲིམ་འགྲུལ། སྡོད་ཁང་། ས་ཞིང་བེད་སྤྱོད། ནུས་ཁུངས། མཁོ་མེད་དངོས་རྫས་ཀྱི་དོ་དམ་སོགས་ཐད་ཀྱི་ཐབས་ཇུས་ཚང་མ་གཅིག་ལ་གཅིག་འབྲེལ་དུ་གནས་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།