མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་མི་སྣའི་རྒྱལ་སྤྱིའི་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུབ་ཚབ་ཀྲང་ཅུན་གྱིས་ཚེས་ཉེར་དགུ་ཉིན་བརྙན་རིས་བརྒྱུད་དེ་ཤིས་ཚིག་ཕུལ་ཏེ། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་པའི་ཚུལ་བསྟན།
ཀྲང་ཅུན་གྱིས་ཤིས་ཚིག་འབུལ་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་མི་སྣ་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པ་དང་བླ་མེད་གུས་འདུད་ཞུས་པར་མ་ཟད། ཞི་བདེ་ལས་དོན་ཐད་རང་སྲོག་བློས་བཏང་བའི་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་མི་སྣ་སྟོང་གསུམ་དང་དགུ་བརྒྱ་ལྷག་ལ་དྲན་གསོ་ཞུས། ཁོས་བཤད་དོན། ཀྲུང་གོ་དང་རྒྱལ་ཁབ་གཞན་པས་མཉམ་དུ་འབད་བརྩོན་བྱས་འོག མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐོག་དང་པོར་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་གནད་དོན་སྐོར་གྱི་གྲོས་ཆོད་ཨང་སྟོང་གཉིས་དང་ལྔ་བརྒྱ་བཅོ་བརྒྱད་པར་གྲོས་འཆམ་བྱུང་། ཀྲུང་གོས་མུ་མཐུད་དུ་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕྱོགས་མང་རིང་ལུགས་དང་འཛམ་གླིང་ཞི་བདེ་ཡོང་བའི་ཁས་ལེན་ལག་བསྟར་བྱས་ནས། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།