ཧན་གོའི་པྲོག་གསར་གློ་ཚད་རིམས་ནད་བྱུང་ཚད་སྔ་ཉིན་དང་བསྡུར་ན་ངོས་བཟུང་བའི་ནད་པ་ཞེ་བརྒྱད་འཕར་སྣོན་བྱུང་།
2020.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཧན་གོ་རིམས་འགོག་ལས་ཁུངས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས་ཉེར་གཅིག་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་བར་དུ་ཧན་གོའི་པྲོག་གསར་གློ་ཚད་རིམས་ནད་བྱུང་ཚད་སྔ་ཉིན་དང་བསྡུར་ན་ངོས་བཟུང་བའི་ནད་པ་ཞེ་བརྒྱད་འཕར་སྣོན་བྱུང་ཞིང་། ད་ལྟ་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་དོན་གསུམ་ཡོད་པ་དང་། བསྡོམས་པས་ངོས་བཟུང་བའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་དང་ཉེར་གཅིག་ཡོད་ལ། བསྡོམས་པས་ནད་པ་ཉིས་བརྒྱ་དང་བརྒྱད་ཅུ་རྐྱེན་ལམ་དུ་ཤོར། ནད་པ་འཕར་སྣོན་བྱུང་བའི་ཁྲོད་དུ་ས་གནས་རང་གི་ནད་པ་བཞི་བཅུ་ཡོད་པ་དང་ཕྱི་ནས་མཆེད་པའི་ནད་པ་བརྒྱད་ཡོད།

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱི་ནས་མཆེད་པའི་ནད་པ་ཇེ་ཉུང་དུ་སོང་བའི་དབང་གིས་ཉིན་དེར་འཕར་སྣོན་བྱུང་བའི་ནད་པའི་གྲངས་ཀ་སྔ་ཉིན་གྱི་ནད་པ་རེ་བདུན་དང་བསྡུར་ན་མངོན་གསལ་སྒོས་ཇེ་ཉུང་དུ་སོང་ཡོད། ཡིན་ནའང་ས་གནས་རང་གི་ནད་པ་འཕར་སྣོ་བྱུང་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་ལས་པྲོག་གསར་གློ་ཚད་རིམས་ནད་ནུས་ལྡན་སྒོས་ཚོད་འཛིན་བྱས་མེད་པ་མཚོན་ཡོད།

ཧན་གོའི་རྒྱལ་སའི་མཐའ་འཁོར་དང་དབུས་རྒྱུད་གྲོང་ཁྱེར་ཏ་ཐེན་དུ་ཉེ་ལམ་གཅིག་འདུས་རང་བཞིན་གྱི་རིམས་ནད་འགོ་བའི་ཤུགས་རྐྱེན་ཐེབས་འོག བརྒྱ་ཆའི་དོན་ལྔའི་འཕར་སྣོན་བྱུང་བའི་ནད་པ་དེ་རྒྱལ་ས་ཧྲིག་ཨར་དང་ཏ་ཐེན་སོགས་ས་ཁུལ་དུ་བྱུང་བ་རེད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་བཅུ་བདུན་ལས་གྲོང་ཁྱེར་མང་ཤོས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཡོད་ལ། རྒྱལ་སའི་མཐའ་འཁོར་དུ་ནད་པ་སྟོང་གཅིག་ཙམ་ཡོད།

                                                                                                     ལོ་ཙཱ་བ། བཀྲ་ཤིས་འབུམ།