ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་དྲུག་པ་བརྙན་རིས་ཀྱི་རྣམ་པས་སྤེལ་རྒྱུ་རེད། 
2020.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡོ་ནན་གྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་དྲུག་པ་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ་རྒྱུ་ཡིན་ཟེར། 

ཡོ་ནན་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཡོ་ནན་གྱི་ཙུང་ལི་རོན་ཁྲོང་ཧྥུའུ་ཡིས་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་། ཚང་འཛོམས་གྲོས་ཚོགས། གྲངས་ལྡན་དུས་རབས་སུ་བུད་མེད་ལ་དབང་ཆ་སྩོལ་བའི་སྐོར་གྱི་དམིགས་བསལ་གྲོས་ཚོགས་བཅས་ལ་མགོ་འཛིན་བྱེད་རྒྱུ་ཡིན་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་དང་ས་ཁོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་སྤེལ་རྒྱུ་ཡིན་ཟེར། 

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་གྱི་དབང་གིས་རོན་ཁྲོང་ཧྥུའུ་ཡིས་ཟླ་གསུམ་པར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་འཕྲིན་ཡིག་བསྐུར་ཏེ། ཟླ་བཞི་བའི་ཟླ་སྟོད་དུ་ཡོ་ནན་གྱི་དབུས་ཕྱོགས་གྲོང་ཁྱེར་ཞན་ཀང་ནས་སྤེལ་རྒྱུ་ཐག་བཅད་ཡོད་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་དྲུག་པ་དང་འབྲེལ་ཡོད་གྲོས་ཚོགས་དག་ཟླ་དྲུག་པའི་ཟླ་མཇུག་ཏུ་རྗེས་སུ་སྣུར་རྒྱུའི་གྲོས་གཞི་བཏོན་པ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།