ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཝེ་ཡེ་ནཱ་ནས་དམག་དོན་ཚོད་འཛིན་གྱི་གྲོས་མོལ་སྐོར་ཐེངས་གསར་བ་སྤེལ། 
2020.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 80

ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཚེས་ཉེར་གཉིས་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་དམག་དོན་ཚོད་འཛིན་གྱི་གྲོས་མོལ་སྐོར་ཐེངས་གསར་བ་སྤེལ་ཏེ། འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས། 

ཨ་མེ་རི་ཁའི་དམག་དོན་ཚོད་འཛིན་གནད་དོན་གྱི་དམིགས་བསལ་འཐུས་མི་པུས་ལིན་སི་ལེ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་གཉིས་ཀྱིས་ཉིན་དེར་ཝེ་ཡེ་ནཱའི་ཨོ་སི་ཁྲུ་རི་ཡཱའི་ཕོ་བྲང་ཞོལ་མ་ནས་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་འཐུས་མིས་གྲོས་མོལ་མ་བྱས་གོང་ཐེངས་འདིའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་རེ་ཡོད་ཀྱང་། གྲོས་བསྡུར་སྔར་ལས་མང་བོ་བྱེད་འདོད་མེད་ཟེར། 

ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཧྲ་ལོན་པེ་ཀི་ཡིས་བསྟན་དོན། འདས་པའི་ལོ་ངོ་བཅུའི་རིང་བླངས་པའི་དམག་དཔུང་ཉུང་འཕྲིའི་གྲུབ་འབྲས་ལ་གཏོར་བརླག་ཡང་ཡང་ཐེབས་པ་དང་། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་སྐོར་ཐེངས་གསར་བའི་དམག་དོན་ཚོད་འཛིན་གྲོས་མོལ་སྤེལ་བ་ནི་དོན་ལ་གནས་པ་ཞིག་ཡིན་པས། ཨོ་སི་ཁྲུ་རི་ཡཱ་ཕྱོགས་ཀྱིས་གྲོས་མོལ་ལེགས་འགྲུབ་འབྱུང་བར་བྱས་རྗེས་འཇོག་པའི་རེ་བ་བཏོན། 

ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅུ་ལོར་བཀོད་པའི་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བ་དེ་ཉིས་སྟོང་ཉེར་གཅིག་ལོར་ལག་བསྟར་ཡུན་ཚད་ལོངས་པ་དང་། ཆིངས་ཡིག་དེའི་དམིགས་ཡུལ་ནི་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་བཀོད་སྒྲིག་བྱས་པའི་ཉིང་རྡུལ་མདེལ་མགོ་དང་སྐྱེལ་འདྲེན་ཡོ་བྱད་ཀྱི་ཁ་གྲངས་ལ་ཚོད་འཛིན་བྱེད་པའི་ཆེད་དུ་རེད། 

ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ན་ནིང་ནུས་མེད་དུ་གྱུར་རྗེས། འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བ་དེ་རྒྱལ་ཁབ་གཉིས་བར་གྱི་དམག་དོན་ཚོད་འཛིན་གྱི་ཆིངས་ཡིག་གཅིག་པུར་གྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་མང་བོར་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཆིངས་ཡིག་དེའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་འདོད་ཡོད་པའི་ཚུལ་བསྟན་ཡང་། ཨ་མེ་རི་ཁ་ཕྱོགས་ཀྱིས་མིག་སྔའི་བར་དུ་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།