མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཡང་བསྐྱར་ཀྲུང་གོས་སྤྲད་པའི་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ནས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་གྲོས་ཆོད་ལ་གྲོས་མཐུན་བཀོད། 
2020.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཡང་བསྐྱར་ཀྲུང་གོས་སྤྲད་པའི་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ནས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་གྲོས་ཆོད་ལ་གྲོས་མཐུན་བཀོད། གྲོས་ཆོད་ལས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པའི་འདོད་བློ་བཏོན་པ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཕན་གྱི་རྒྱལ་སྤྱིའི་འབྲེལ་བའི་རྣམ་པ་གསར་བ་འཛུགས་པ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་དགོས་པའི་འབོད་སྐུལ་བཏང་བ་དང་། རྒྱལ་ཁབ་སོ་སོས་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ནས་ལྷག་བསམ་རྣམ་དག་གི་གྲོས་མོལ་དང་མཉམ་ལས་སྤེལ་ནས་འགྲོ་མིའི་ཐོབ་ཐང་ལ་ཡར་སྐུལ་དང་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་དང་ཉམས་མྱོང་བཟང་བོ་མཉམ་སྤྱོད་བྱས་ཤིང་། འགྲོ་མིའི་ཐོབ་ཐང་གི་ལག་རྩལ་རོགས་སྐྱོར་དང་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་མཉམ་ལས་གཉིས་ཕན་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་དོན་གཅོད་ཁང་དུ་རྒྱུན་དུ་སྡོད་པའི་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཁྲིན་ཞུའུ་ཡིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་གྲོས་ཆོད་མཚམས་སྦྱོར་བྱེད་སྐབས་བསྟན་དོན། འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་འགྲོ་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་ང་ཚོར་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་མདུན་ནས་མིའི་རིགས་ནི་ལས་སྐལ་ཐུན་མོང་ཚོགས་པ་གཅིག་ཡིན་པ་ངེས་ཤེས་གསལ་བོ་རྙེད་དུ་བཅུག་ཡོད། ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ན། ད་གཟོད་རིགས་སྣ་ཚོགས་ཀྱི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་ཐུབ་ཟེར། 

ཁྲིན་ཞུའུ་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ནས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་གྲོས་ཆོད་འཆར་ཟིན་ཡང་བསྐྱར་བཏོན་པ་དེ། ཕྱོགས་སོ་སོས་ལྷག་བསམ་རྣམ་དག་གི་གྲོས་མོལ་དང་མཉམ་ལས་བྱེད་པར་ཕན་ཐོགས་ཡོད་ལ། རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། ཀྲུང་གོའི་ཕྱོགས་ཀྱིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་མཉམ་ལས་གཉིས་ཕན་གྱི་སྣང་ཚུལ་གྲུབ་ནས། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་དང་མཉམ་ལས་ལ་བརྟེན་ནས་སྔར་ལས་ལྷག་པའི་སྒོ་ནས་འགྲོ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱེད་པའི་ཐུན་མོང་དམིགས་འབེན་མངོན་འགྱུར་བྱེད་པའི་རེ་བ་ཡོད་ཟེར། 

འདི་ནི་ཀྲུང་གོས་ཉིས་སྟོང་བཅོ་བརྒྱད་ལོར་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ནས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས། གྲོས་གཞི་ཐེངས་གཉིས་པ་སྤེལ། གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཀྲུང་གོའི་ཕྱོགས་ལ་རྟེན་འབྲེལ་ཞུས། ཀྲུང་གོའི་ཕྱོགས་མང་བོའི་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་ཕྱོགས་མང་རིང་ལུགས་དར་སྤེལ་དང་མཉམ་ལས་གཉིས་ཕན་ལ་དོན་སྙིང་གལ་ཆེན་ལྡན་པའི་འབོད་སྐུལ་གཏོང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཐུན་མོང་སེམས་འདུན་མཚོན་ཡོད་ལ། སའི་གོ་ལའི་འགྲོ་མིའི་ཐོབ་ཐང་གི་བཅོས་སྐྱོང་འཕེལ་རྒྱས་གནས་བབ་ཆེན་མོར་འཚམ་པ་དང་། སའི་གོ་ལའི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།