ཀྲུང་གོའི་འཐུབ་ཚབ་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དབུས་ཤར་གྱི་པ་ལེ་སི་ཐན་ཡུལ་འཁྱར་པའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་སྒོར་མོ་དང་དངོས་རྫས་ཞལ་འདེབས་འབུལ་རྒྱུ་ཁྱབ་སྒྲོག་བྱས།
2020.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུབ་ཚབ་ཀྲང་ཅུན་གྱིས་ཚེས་ཉེར་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཀྲུང་གོ་ཕྱོགས་ཀྱིས་ད་ལོར་མཉམ་འབྲེལ་རྒྱལ་ཚོགས་དབུས་ཤར་གྱི་པ་ལེ་སི་ཐན་ཡུལ་འཁྱར་པའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་ཨ་མེ་རི་ཁའི་སྒོར་མོ་ས་ཡ་གཅིག་ཞལ་འདེབས་སུ་འབུལ་རྒྱུ་དང་། དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ཁོངས་སུ་གཏོགས་པའི་སྨན་བཅོས་ལས་ཁུངས་ལ་རིམས་འགོག་དངོས་རྫས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པར་མ་ཟད། དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་བརྒྱུད་དེ་པ་ལེ་སི་ཐན་དང་ཅོར་ཏན། ལིས་པ་ནུན། སི་རུ་ཡའི་ནང་ཁུལ་གྱི་པ་ལེ་སི་ཐན་གྱི་ཡུལ་འཁྱར་པ་ལ་མི་སྒེར་འགོག་སྲུང་ཡོ་ཆས་འདོན་སྤྲོད་བྱས་ནས་ཁོ་ཚོས་རིམས་འགོག་བྱེད་པར་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་དབུས་ཤར་གྱི་པ་ལེ་སི་ཐན་ཡུལ་འཁྱར་པའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་པུའུ་ཀྲང་རིམ་པའི་བརྙན་རིས་ཞལ་འདེབས་འབུལ་བའི་གྲོས་ཚོགས་ཉིན་དེར་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་སྤྱི་ཁྱབ་ལས་འཛིན་པ་ལ་ཀྲ་ལིས་ཉི། ཅོར་ཏན་ཕྱི་འབྲེལ་བློན་ཆེན་ས་ཧྥ་ཏིས། སུའེ་ཙེར་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་བློན་ཆེན་ཨེ་ལིས་ཁི་སུན། དེ་མིན་རྒྱལ་ཁབ་ལྔ་བཅུ་ལྷག་གི་འཐུས་མི་གྲོས་ཚོགས་ལ་ཞུགས།

ཀྲང་ཅུན་གྱིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡིས་ལོ་མང་བའི་རིང་ལ་པ་ལེ་སི་ཐན་ཡུལ་འཁྱར་པར་ཞབས་ཞུ་འདོན་སྤྲོད་བྱས་པ་གཟེངས་བསྟོད་བྱས། འདས་པའི་ཟླ་འགའི་རིང་ལ། ཀྲུང་གོ་ཕྱོགས་ཀྱིས་པ་ལེ་སི་ཐན་ཕྱོགས་ལ་སྨན་རྫས་རོགས་སྐྱོར་འདོན་སྤྲོད་བྱས་ཤིང་། པ་ལེ་སི་ཐན་ཕྱོགས་ལ་རིམས་འགོག་དང་སྨན་བཅོས་ཉམས་མྱོང་ལོངས་སུ་སྤྱོད་དུ་བཅུག་པར་མ་ཟད། སྨན་བཅོས་ཆེད་མཁས་པའི་ཚན་ཁག་མངགས་ཏེ་པ་ལེ་སི་ཐན་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ཐད་ལ་རོགས་རམ་བྱས་ཟེར།

                                                                                                   ལོ་ཙཱ་བ། བཀྲ་ཤིས་འབུམ།