དབྱི་ཐ་ལི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དྲག་ཚད་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད།
2020.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱིས་ཚེས་ཉེར་བཞི་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དྲག་ཚད་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ད་ལྟ་ནད་པའི་གྲངས་ཀ་རྒྱུན་མཐུད་སྒོས་ཇེ་ཉུང་དུ་འགྲོ་བཞིན་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་སྟོང་གཅིག་དང་ལྔ་བརྒྱ་ཉེར་དྲུག་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་དྲུག་དང་བརྒྱ་དང་བཅུ་གཅིག་དྲག་སྐྱེད་བྱུང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་ཅུ་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་བཞི་དྲུག་བརྒྱ་དང་ཞེ་བཞི་རྐྱེན་ལམ་དུ་ཤོར། པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་བརྒྱ་དང་དགུ་བཅུ་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་གསུམ་སྟོང་དགུ་དང་བཞི་བརྒྱ་དང་བཅུ་ལ་སླེབས།

དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་བརྒྱད་དྲུག་བརྒྱ་དང་ང་ལྔ་ལ་ཇེ་ཉུང་དུ་སོང་ཞིང་དེ་སྔ་ཉིན་དང་བསྡུར་ན་ནད་པ་དགུ་བརྒྱ་དང་བཅོ་བརྒྱད་ཀྱིས་ཇེ་ཉུང་དུ་སོང་། ད་ལྟའི་ནད་པའི་ཁྲོད་དུ་མི་ཁྲི་གཅིག་དང་སྟོང་དྲུག་དགུ་བརྒྱ་སོ་བརྒྱད་ཁྱིམ་ཚང་དུ་ལོགས་བཀར་བྱས་ཡོད་པ་དང་། མི་སྟོང་གཅིག་དང་དྲུག་བརྒྱ་བཅུ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ། མི་བརྒྱ་དང་བདུན་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད།

ལོ་ཙཱ་བ། བཀྲ་ཤིས་འབུམ།