ཨེ་ཅིབ་ནང་ཁུལ་དུ་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་ལྔ་བརྒྱ་རེ་དགུ་འཕར་སྣོན་བྱུང་།
2020.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་བཤད་དོན། ཨེ་ཅིབ་ནང་ཁུལ་དུ་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་ལྔ་བརྒྱ་རེ་དགུ་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་ཁྲི་དྲུག་དང་སྟོང་གཅིག་བརྒྱ་དང་སུམ་ཅུ་ལ་སླེབས། དྲག་སྐྱེད་བྱུང་བའི་ནད་པ་བཞི་བརྒྱ་དང་གསུམ་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གཅིག་དང་སྟོང་དྲུག་སུམ་བརྒྱ་སོ་བརྒྱད་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་གྱ་གསུམ་འཕར་སྣོན་བྱུང་བ་དང་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་གཉིས་དང་ལྔ་བརྒྱ་སོ་གསུམ་ལ་སླེབས་ཟེར།

ཨེ་ཅིབ་མཁའ་འགྲུལ་ཀུང་ཟིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཀུང་ཟི་དེས་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་མེ་གླིང་བྱང་མ་དང་ཡོ་རོབ་གླིང་། ཨ་ཧྥེ་རི་ཁ། དབུས་ཤར་སོགས་ས་ཁུལ་གྱི་གནམ་གྲུ་ཐང་ཉེར་དགུ་ལ་འཕུར་བའི་མཁའ་སྐྱོད་གནམ་གྲུ་འཕྲོ་རིམ་འཕྲོར་སླར་གསོ་བྱེད་ངེས་ཡིན་ཟེར།

རིམས་ནད་འགོག་སྲུང་ལ་ཤུགས་སྣོན་ཆེད། ཨེ་ཅིབ་རྒྱལ་ཁབ་ཀྱིས་ཟླ་གསུམ་པའི་ཟླ་དཀྱིལ་ནས་བཟུང་རྒྱལ་སྤྱིའི་གནམ་གྲུ་གཏོང་མཚམས་བཞག་པར་མ་ཟད། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མཚན་བཀག་ལག་བསྟར་བྱས་པ་དང་། དེའི་རྗེས་སུ་མུ་མཐུད་ནས་མཚན་བཀག་གི་དུས་ཡུན་ཇེ་རིང་དུ་བཏང་བར་མ་ཟད་བྱེ་བྲག་གི་མཚན་བཀག་དུས་ཚོད་ལ་ལེགས་སྒྲིག་བྱས།

                                                                                                  ལོ་ཙཱ་བ། བཀྲ་ཤིས་འབུམ།