ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་འབུམ་གཅིག་བརྒྱ་དང་ཞེ་བདུན་ལ་བསླེབས། 
2020.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་འབུམ་གཅིག་བརྒྱ་དང་ཞེ་བདུན་ལ་སླེབས་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་ཁྲི་དྲུག་སྟོང་གསུམ་བརྒྱད་བརྒྱ་ཞེ་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་འབུམ་གཅིག་བརྒྱ་དང་ཞེ་བདུན་ལ་སླེབས་ཡོད་ལ། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གསུམ་དང་དགུ་བརྒྱ་ཞེ་དྲུག་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་འབུམ་བཞི་དང་ཁྲི་དགུ་སྟོང་དགུ་ཉིས་བརྒྱ་དང་བཅུ་བཞིར་སླེབས་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་ཁྲི་དྲུག་སྟོང་གསུམ་བརྒྱད་བརྒྱ་རེ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་སྟོང་ལྔ་སུམ་བརྒྱ་དོན་བཞིར་སླེབས་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གསུམ་དང་དགུ་བརྒྱ་ཞེ་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་ལྔ་དང་སྟོང་གསུམ་བརྒྱད་བརྒྱ་རེ་གཉིས་ལ་སླེབས་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།