ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོ་ནས་བཟུང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་རྒྱལ་ཡོངས་ཀྱི་ས་ཁུལ་མང་བོ་ནས་ཐཱ་ལེ་པན་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་རེ་ལྔ་བསད་ཟེར།
ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཀྲུའུ་ཙི་ཀྲན་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཨ་ཀྲ་ཨར་གྱིས་ཚེས་སུམ་ཅུའི་ཉིན་གསར་འགོད་པར་བཤད་རྒྱུར། ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཞིང་ཆེན་དེའི་ཁཱ་ཨར་ཅིན་ས་ཁུལ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་དེའི་རྗེས་སུ་རྒོལ་ལན་སྤྲད་དེ་དྲག་ཆས་ཉེས་ཅན་སོ་ལྔ་བསད་པ་དང་། དེའི་འཕྲོའི་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་ཟེར། ཨ་ཀྲ་ཨར་གྱིས་བཤད་རྒྱུར། གཞན་ཡང་དྲག་ཆས་ཉེས་ཅན་ཉེར་ལྔར་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག་ཡོད་ཟེར།
ཨ་ཀྲ་ཨར་གྱིས་ད་རུང་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཞིང་ཆེན་དེའི་ཧཱ་མུའུ་ཨ་པུའུ་ས་ཁུལ་གྱི་ཐཱ་ལེ་པན་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་གསུམ་བསད་པ་དང་། གཞན་ཡང་མི་བཅུ་བདུན་ལ་རྨས་ཕོག་ཟེར།
ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཨར་ཝན་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཝ་ཆི་ཏཱ་ཡིས་ཚེས་སུམ་ཅུའི་ཉིན་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཞོགས་པར་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ཉིས་བརྒྱ་ལྷག་གིས་ཞིང་ཆེན་དེའི་སཱ་ཧྥེ་རི་བོའི་ས་ཁུལ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ལ་འཇབ་རྒོལ་བྱེད་རྩིས་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་གསང་འཕྲིན་འབྱོར་རྗེས་དེར་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་བདུན་བསད་པ་དང་དེའི་འཕྲོ་མ་བཙན་གྱིས་མཐར་སྐྲོད་བཏང་ཟེར།
ཐཱ་ལེ་པན་ཕྱོགས་ཀྱིས་དོན་རྐྱེན་དེ་དག་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།