འཛམ་གླིང་ཡོངས་ཀྱི་སྲིད་ཏང་བརྒྱ་ཕྲག་ལྷག་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་གོ་དགུ་འགོར་བར་རྟེན་འབྲེལ་ཞུས། 
2020.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་གོ་དགུ་འགོར་བའི་སྐབས་སུ། འཛམ་གླིང་ཡོངས་ཀྱི་སྲིད་ཏང་བརྒྱ་ལྷག་གིས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་གློག་འཕྲིན་དང་བརྙན་རིས་སོགས་བསྐུར་ཡོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་གོ་དགུ་འགོར་བའི་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་དང་ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་མོར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ་ཀྲུང་གོ་སྔར་ལས་འོད་སྟོང་ལྡན་པའི་མ་འོངས་པར་བགྲོད་ཐུབ་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན། 

ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་གོ་དགུ་འགོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐུན་སྒྲིལ་སྣེ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་མགོ་རང་བདག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་ནང་རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་རྒྱལ་ཁབ་འཕེལ་རྒྱས་འཛུགས་སྐྲུན་ལས་དོན་ཐད་ནས་གྲུབ་འབྲས་ཆེན་པོ་ལོན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་གར་སྟེགས་སྟེང་གི་ཤུགས་རྐྱེན་རྒྱུན་ཆད་མེད་པར་མཐོར་འདེགས་བྱས་ཡོད། གོང་སྨྲས་ཀྱི་གྲུབ་འབྲས་དེ་དག་གིས་ལའོ་ཝའོ་ཏང་དང་སྲིད་གཞུང་། ལའོ་ཝའོ་ཡི་མི་དམངས་བཅས་དུས་རབས་གསར་བའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་དམིགས་འབེན་ལ་ཁ་ཕྱོགས་ནས་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བར་ཉམས་མྱོང་བཟང་བོ་འདོན་སྤྲོད་བྱས་ཡོད་པར་མ་ཟད། སྐུལ་མ་ཆེན་པོ་བཏང་ཡོད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་དམངས་དམངས་གཙོ་ཏང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོས་བདེ་བླག་ངང་རིམས་ནད་འགོག་བཅོས་བྱས་ཏེ་གོམ་པ་བརྟན་པོས་དཔལ་འབྱོར་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་བཞིན་ཡོད། ཧིན་རྡུ་ཉི་ཞི་ཡཱའི་དམངས་གཙོ་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་དང་མཉམ་དུ་དཀའ་སྡུག་གི་དུས་སྐབས་སུ་ཕན་ཚུན་རོགས་རེས་དང་དཀའ་སྡུག་མཉམ་མྱོང་བྱེད་འདོད་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོས་སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་པ་དང་། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་ཡིད་ཆེས་དང་རེ་སྒུག་བྱས་ཡོད་ཟེར། 

ཨེ་ཅིབ་གུང་ཁྲན་ཏང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་ངོ་གོ་དགུའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ཁྲོད། ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཁྱབ་ཁོངས་སོ་སོ་ནས་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཏེ། འཛམ་གླིང་ཡོངས་ཀྱི་བཙན་རྒྱལ་ལ་ངོ་རྒོལ་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་འཛམ་གླིང་ཡོངས་ཀྱི་དྲང་བདེན་བྱ་གཞག་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཨེ་ཅིབ་གུང་ཁྲན་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་གཅིག་གྱུར་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་ནུས་ལྡན་བྱེད་ཐབས་རབ་དང་རིམ་པ་འདོན་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། 

ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་ཚོགས་ཆེན་གྱིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་དེ་ཀྲུང་གོའི་མི་དམངས་དང་འཛམ་གླིང་ཡོངས་ལ་མཚོན་ན་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། ང་ཚོས་སྔོན་ཆད་རང་རང་གི་མི་དམངས་ཀྱི་སྣེ་ཁྲིད་དེ་བཙན་རྒྱལ་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་པ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་མཛེས་སྡུག་གི་རེ་འདུན་བཅངས་ཡོད། ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་དང་མཉམ་དུ། དབུལ་ཕོངས་དང་རྗེས་ལུས། རིམས་ནད་བཅས་མེད་པའི་སའི་གོ་ལའི་ཁྱིམ་གཞིས་ཞིག་འཛུགས་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།

མའོ་ཞི་ཁིའི་ངལ་རྩོལ་ཏང་གིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། ཀྲུང་གོའི་གུང་ཁྲན་ཏང་དང་དེའི་མགོ་ཁྲིད་སྲོག་ཤིང་གིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། རྒྱལ་ཁབ་གཞན་པར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་ཤིང་རིམས་འགོག་ཉམས་མྱོང་དུས་ལྟར་མཉམ་སྤྱོད་བྱས་པའི་ཁར་ལག་རྩལ་དང་དངོས་རྫས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། ཀྲུང་གོའི་གུང་ཁྲན་ཏང་གིས་མུ་མཐུད་དུ་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་དཀའ་ཁག་ཁྱད་བསལ་བྱས་ནས། གྲུབ་འབྲས་སྔར་ལས་ཆེན་པོ་ཞིག་ལོན་པ་དང་། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་མགོ་ཁྲིད་ནུས་པ་སྔར་ལས་ཆེན་པོ་འདོན་ཐུབ་པའི་སྨོན་འདུན་ཞུས། 

ཨ་ཀིན་ཐེན་གྱི་དྲང་བདེན་ཏང་གིས་བསྟན་དོན། ཨ་ཀིན་ཐེན་དྲང་བདེན་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་གོ་དགུ་འགོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བཞིན་ཡོད། ཏང་ཁག་གཉིས་བར་སྤུན་ཟླ་ལྟ་བུའི་བརྩེ་བ་ལྡན་པ་དང་། སུ་ཡིན་ཡང་མི་དམངས་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བཟུང་ཡོད། ཨ་ཀིན་ཐེན་དྲང་བདེན་ཏང་གིས་ཡང་བསྐྱར་སྲིད་འཛིན་བྱེད་པ་གོ་སྐབས་སུ་བྱས་ཏེ། ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། ཨ་ཀིན་ཐེན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་དང་འཆམ་མཐུན་མཛེས་སྡུག་གི་འཛམ་གླིང་ཞིག་མཉམ་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཨུ་རུ་སིའི་གཅིག་གྱུར་ཨུ་རུ་སི་ཏང་གིས་བསྟན་དོན། ལོ་རྒྱུས་ལས་ཀྲུང་གོའི་གུང་ཁྲན་ཏང་ལ་རྙོག་འཛིང་གི་གནས་བབ་ལ་ཁ་ལོ་བྱེད་པ་དང་ཉེན་ཁའི་འགྲན་རྩོད་ཐག་གཅོད་བྱེད་པའི་ནུས་པ་ཆེན་པོ་ལྡན་པ་ར་སྤྲོད་བྱུང་ཡོད། ཨུ་རུ་སིའི་གཅིག་གྱུར་ཨུ་རུ་སི་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེའི་འབྲེལ་བ་སྲ་བརྟན་དུ་བཏང་སྟེ་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར། 

ཧྥ་རན་སིའི་གུང་ཁྲན་ཏང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་ཀྲུང་གོའི་གནས་ཚུལ་དང་འཚམ་ཞིང་དུས་བསྟུན་མདུན་བསྐྱོད་ཀྱི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐུན་མོང་མ་ཡིན་པ་ཞིག་ཏུ་བསྐྱོད་ནས་འོད་སྟོང་འབར་བའི་འཕེལ་རྒྱས་བརྒྱུད་རིམ་གསར་གཏོད་བྱས་ཡོད། མིག་སྔར་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོས་ཧུར་ཐག་སྒོས་སྤུས་ཚད་མཐོ་བའི་འཕར་སྣོན་མངོན་འགྱུར་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་རེ་འདུན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དེ་ལས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་འདོད་ཡོད་ཟེར། 

དེ་ལས་གཞན་ཁམ་ཕུ་ཀྲེའི་མི་དམངས་ཏང་དང་དབྱི་ལིང་དབྱི་སི་ལན་མཉམ་འབྲེལ་ཏང་། ཁྲའོ་ཞན་ངལ་རྩོལ་ཏང་། མོང་གོལ་མི་དམངས་ཏང་། ཧྥེ་ལེ་པེན་དམངས་གཙོ་མི་དམངས་སྟོབས་ཤུགས་ཏང་། ཐུར་ཁེའི་རྒྱལ་གཅེས་ཏང་། ཡོ་ནན་གུང་ཁྲན་ཏང་། ཨེ་ཙེ་ཨོ་ཕི་ཡཱའི་དར་རྒྱས་ཏང་། ནཱ་སྨི་པུ་ཡཱའི་ཏང་། ཐན་ཙན་ནི་ཡཱའི་གསར་བརྗེ་ཏང་། ཐུ་ནི་ཞི་ཡཱའི་མི་དམངས་ལས་འགུལ། ཀྲི་ལིའི་གུང་ཁྲན་ཏང་། ཁུ་པཱའི་གུང་ཁྲན་ཏང་། ཝུ་ར་ཀུའེ་རྒྱ་ཆེའི་འཐབ་ཕྱོགས། ཧང་ག་རིའི་བཟོ་བའི་ཏང་། རོ་མཱ་ནི་ཡཱའི་སྤྱི་ཚོགས་དམངས་གཙོ་ཏང་། སེར་ཝེ་ཡཱའི་མདུན་བསྐྱོད་ཏང་། ཝ་ནི་ཨ་ཐུའུ་ཝ་ཁུའུ་ཏང་། འཇར་མན་གྱི་གུང་ཁྲན་ཏང་། སི་ཕན་གྱི་གུང་ཁྲན་ཏང་། དབྱིན་ཇིའི་གུང་ཁྲན་ཏང་སོགས་སྲིད་ཏང་གིས་ཀྱང་གློག་འཕྲིན་སོགས་བཏང་སྟེ། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་གོ་དགུ་འགོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། མུ་མཐུད་དུ་ཀྲུང་གོའི་གུང་ཁྲན་ཏང་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རང་རང་རྒྱལ་ཁབ་དང་འཛམ་གླིང་གི་ཞི་བདེ་གཏན་འཇགས། དར་རྒྱས་འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་འཇོག་པར་རེ་སྒུག་བྱས་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།