དབྱི་ཐ་ལིའི་ད་ཡོད་ཀྱི་ནད་པ་ཁྲི་གཅིག་དང་སྟོང་ལྔའི་མན་དུ་ཆག
2020.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

དབྱི་ཐ་ལི་འཕྲོད་བསྟེན་པུའུ་ཡིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་གཞི་གྲངས་གསར་པ་ལས་མངོན་པ་ལྟར་ན། དབྱི་ཐ་ལི་ལ་ད་ལྟ་ནད་པ་ཁྲི་གཅིག་དང་སྟོང་བཞི་བརྒྱད་བརྒྱ་གྱ་བཞི་ཡོད་པ་དེ་ཉིན་སྔོན་མ་དང་བསྡུར་ན་ནད་པ་བརྒྱ་དང་དོན་དྲུག་གིས་ཇེ་ཉུང་དུ་ཕྱིན་ཡོད་ཟེར།

ད་ཡོད་ནད་པའི་ཁྲོད། མི་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་ཞེ་དགུ་ཁྱིམ་ནས་བསྡད་དེ་ལོགས་སུ་བཀར་ཡོད་པ་དང་། ནད་པ་དགུ་བརྒྱ་ང་དྲུག་གིས་སྨན་ཁང་དུ་སྤྱིར་བཏང་གི་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད། ནད་པ་དོན་དགུ་ཡིས་ནད་བབ་ལྕི་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད། སྤྱིར་བཏང་གི་སྨན་བཅོས་དང་ལེན་བྱས་པའི་ནད་པ་དང་ནད་བབ་ལྕི་མོའི་ནད་པ་སོ་སོར་ཉིན་སྔོན་མ་ལས་ནད་པ་བདུན་དང་ནད་པ་གསུམ་གྱིས་ཇེ་ཉུང་དུ་ཕྱིན་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལིར་ཉིན་དེར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཉིས་བརྒྱ་ཉེར་གསུམ་གྱིས་ཇེ་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་འབུམ་གཉིས་དང་ཁྲི་བཞི་སྟོང་གཅིག་བརྒྱ་དང་གྱ་བཞི་ཡོད་ཅིང་།  དྲག་སྐྱེད་བྱུང་བའི་ནད་པ་སུམ་བརྒྱ་གྱ་བཞི་ཡིས་ཇེ་མང་དུ་ཕྱིན་ཡོད། རིམ་རྩིས་བྱས་ན་ཁྱོན་བསྡོམས་ནད་པ་ཁྲི་གཅིག་དང་སྟོང་དགུ་བཞི་བརྒྱ་རེ་བདུན་དྲག་སྐྱེད་བྱུང་ཟིན་པ་དང་། ཤི་བའི་ནད་པ་བཅོ་ལྔ་གསར་དུ་འཕར་བ་དང་། རིམ་རྩིས་བྱས་ན་ཁྱོན་བསྡོམས་ནད་པ་ཁྲི་གསུམ་དང་སྟོང་བཞི་བརྒྱད་བརྒྱ་སོ་གསུམ་ཐེངས་འདིའི་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་འདུག

དབྱི་ཐ་ལིའི་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལོ་ཧྲིལ་བོའི་གནས་ཚུལ་ཕྱོགས་བསྡུས་སྙན་ཞུ་གཞིར་བཟུང་ན། རིམས་ནད་གསར་བ་དེས་དབྱི་ཐ་ལིའི་དཔལ་འབྱོར་སྔར་ལས་ཇེ་དལ་དུ་བཏང་བ་དང་། ངལ་རྩོལ་ནུས་པའི་ཁྲོམ་རར་ཕོག་ཐུག་བཏང་བར་བརྟེན། རྒྱལ་ཁབ་དེའི་ཉིས་སྟོང་ཉི་ཤུ་ལོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་ཚུལ་ཧ་ཅང་རྙོག་འཛིང་ཆེ་ལ་ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་ཡོད་ཟེར།

དབྱི་ཐ་ལི་ཕྱོགས་ཀྱིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་ནས་བཟུང་དུས་ཡུན་ཟླ་དྲུག་གི་ཛ་དྲག་ཆེ་བའི་གནས་ཚུལ་ལ་ཁ་གཏད་འཇལ་བ་རེད། ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ལ་བཀག་སྡོམ་བྱེད་པའི་རྣམ་པ་སྤྱད་ཡོད་འདུག་ལ། བཀག་སྡོམ་བྱེད་ཡུན་ཟླ་ལྔ་པའི་ཚེས་གསུམ་ཉིན་བར་ཡིན། ཟླ་ལྔ་པའི་ཚེས་བཞི་ཉིན་ནས་བཟུང་རིམས་ནད་འགོག་པ་དང་དཔལ་འབྱོར་སླར་གསོ་བྱེད་པའི“དུས་རིམ་གཉིས་པར”སླེབས། ཟླ་དྲུག་པའི་ཚེས་གསུམ་ཉིན་ནས་བཟུང་ས་ཁུལ་ཆེན་པོ་བརྒལ་ནས་ཡུལ་སྐོར་བྱས་ཆོག་པར་མ་ཟད། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ལ་མཐའ་མཚམས་སྒོ་འབྱེད་བྱས་ཆོག་པ་བཟོས། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་བྱིས་པའི་དབྱར་སྒར་དང་ཞབས་བྲོ་ཁང་། གློག་བརྙན་ཁང་། ཟློས་གར་ཁང་། རིག་གནས་སྤེལ་གནས་གཞན་དག་བཅས་བསྐྱར་དུ་སྒོ་ཕྱེ་ཆོག་པ་བྱས་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།