འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་བསྡོམས་པས་བྱེ་བ་གཅིག་དང་ས་ཡ་གཅིག་ལྷག་ལ་སླེབས།
2020.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨ་མེ་རི་ཁའི་ཡོ་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཟླ་བདུན་པའི་ཚེས་གསུམ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བར་བསྡོམས་རྩིས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་གསུམ་ཉིན་གྱི་དུས་ཚོད་བཅུ་དགུ་དང་སྐར་མ་སོ་ལྔའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་བསྡོམས་པས་བྱེ་བ་གཅིག་དང་ས་ཡ་གཅིག་ཁྲི་གསུམ་དང་སྟོང་བདུན་དྲུག་བརྒྱ་ཉེར་ལྔ་ལ་སླེབས་པ་དང་བསྡོམས་པས་ནད་པ་འབུམ་ལྔ་དང་ཁྲི་གཉིས་སྟོང་གསུམ་བརྒྱད་བརྒྱ་གོ་བརྒྱད་རྐྱེན་ལམ་དུ་ཤོར།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་མིག་སྔར་རིམས་ནད་བྱུང་བ་ཧ་ཅང་ཚབས་ཆེ་བའི་རྒྱལ་ཁབ་ཡིན་ལ། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གཉིས་དང་འབུམ་བདུན་ཁྲི་དགུ་དང་སྟོང་གསུམ་ཉེར་གཉིས་ཡོད་པ་དང་། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་དགུ་དང་བཞི་བརྒྱ་དང་ལྔ་རྐྱེན་ལམ་དུ་ཤོར། པ་ཞི་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གསུམ་དང་སྟོང་དགུ་དང་གྱ་གཅིག་ཡོད་པ་དང་བསྡོམས་པས་ནད་པ་ཁྲི་དྲུག་དང་སྟོང་གཅིག་བརྒྱད་བརྒྱ་གྱ་བཞི་རྐྱེན་ལམ་དུ་ཤོར། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་ལྔ་ལས་བརྒལ་བའི་རྒྱལ་ཁབ་ད་དུང་ཨུ་རུ་སི་དང་རྒྱ་གར། ཀྲི་ལི། དབྱིན་ཇི། སི་ཕེན་སོགས་ཡོད།

གཞི་གྲངས་དེ་དག་ནི་ཡོ་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་ཞིབ་འཇུག་ལས་གཞི་ཡིས་རྒྱལ་ཁབ་དང་ས་གནས་སོ་སོའི་གཞི་གྲངས་སྤྱི་བསྡོམས་བྱས་པ་རེད།

                                                                                                          ལོ་ཙཱ་བ། བཀྲ་ཤིས་འབུམ།