སི་ཕེན་གྱི་མཁར་སྒོ་རྒྱག་པའི་བྱེད་སྒོ་མཇུག་རྫོགས་ནའང་ལས་ཞུགས་སླར་གསོའི་ལས་དོན་སྤེལ་ཤུགས་སྔར་ལས་ཆུང་།
2020.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་དྲུག་པའི་ཟླ་སྨད་དུ། སི་ཕེན་གྱི་དུས་ཡུན་ཟླ་ངོ་གསུམ་ལྷག་ཙམ་རིང་གི་རྒྱལ་ཁབ་ཧྲིལ་བོའི་ཛ་དྲག་གནས་ཚུལ་མཇུག་རྫོགས་པ་རེད། སྲིད་གཞུང་གིས་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། “མཁར་སྒོ་རྒྱག་པའི”བྱེད་ཐབས་མཇུག་བསྒྲིལ་རྗེས་སུ་འང་། སི་ཕེན་ལ་སྔོན་དཔག་ལྟར་ལས་ཞུགས་ཀྱི་ཚ་རླབས་འཕྱུར་མེད། རིམས་ནད་ཐོན་མང་བའི་དུས་སུ་གྱོང་གུད་ཕོག་པའི་ལས་ཞུགས་ལས་གནས་འབུམ་དགུ་ཙམ་སླར་གསོ་བྱེད་ཐུབ་མེད་པ་དང་། ཡུལ་སྐོར་ལས་རིགས་ཀྱང་རྒྱུན་གཏན་ལྟར་སླར་གསོ་བྱུང་ཐུབ་མེད་ཟེར།

སི་ཕེན་གྱི་ངལ་རྩོལ་བཟོ་པས་ཚེས་གཉིས་ཉིན་ལས་ཞུགས་ཀྱི་གཞི་གྲངས་ཁྱབ་བསྒྲགས་བྱས་པ་རེད། སི་ཕེན་གྱི་ཟླ་དྲུག་པར་ཐོ་འགོད་བྱས་པའི་ལས་ཤོར་མི་འབོར་ཟླ་སྔོན་མ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཅིག་གསུམ་འཕར་བ་སྟེ་མི་སྟོང་ལྔ་དང་བཅུ་བདུན་གྱིས་ཇེ་མང་དུ་སོང་ཡོད། སྤྱིའི་ལས་ཤོར་མི་གྲངས་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་དྲུག་ལ་སླེབས་ཡོད་ཅིང་། གྲངས་འབོར་དེ་ན་ནིང་གི་ཟླ་དྲུག་པ་དང་བསྡུར་ན་མི་འབུམ་བརྒྱད་དང་ཁྲི་བཞི་སྟོང་བདུན་གྱིས་ཇེ་མང་དུ་སོང་ཡོད།

སི་ཕེན་གྱི་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞི་གྲངས་ལྟར་ན། ཟླ་ལྔ་པ་དང་བསྡུར་ན། ཟླ་དྲུག་པར་ལས་ཞུགས་ལས་གནས་ཁྲི་དྲུག་དང་སྟོང་བརྒྱད་ཉིས་བརྒྱ་གསར་སྣོན་བྱས་མོད། འོན་ཀྱང་མི་འབུམ་གཅིག་དང་ཁྲི་དྲུག་སྟོང་གཅིག་ལྔ་བརྒྱ་ད་ལོའི་ཟླ་དྲུག་པའི་མཐའ་མཇུག་གི་ཉིན་མོར་ལས་གནས་ལས་ཕྱིར་ཕུད། ཟླ་དེར་ལས་རྐང་ཁྲི་དགུ་དང་སྟོང་དགུ་དགུ་བརྒྱ་ཡིས་ཇེ་ཉུང་དུ་ཕྱིན་ཡོད་ཟེར།

སི་ཕེན་སྲིད་གཞུང་གིས་པྲོག་གསར་རིམས་ནད་ཀྱི་གནས་ཚུལ་གསར་བའི་སྐབས་སུ་ལས་ཞུགས་ལ་འགན་སྲུང་བྱེད་ཆེད། བཟོ་ཚོགས་ཀྱི་རྩ་འཛུགས་གཙོ་བོ་དང་གླ་པའི་ལས་གནས་རང་སོར་འཇོག་པའི་འཆར་གཞི་བཞག་ཡོད། ཟླ་གསུམ་པའི་ཟླ་དཀྱིལ་ནས་བཟུང་བྱེད་ཐབས་དེ་ལག་བསྟར་བྱེད་འགོ་ཚུགས་ཤིང་། སྔོན་གྱི་གཏན་འབེབས་ལྟར་ན་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད། འཆར་གཞི་ལྟར་ན། ཁེ་ལས་ཁ་ཤས་ཀྱིས་ལས་བཟོ་བར་གུང་གསེང་གཏོང་བའམ་བྱ་བའི་དུས་ཚོད་ཇེ་ཉུང་དུ་བཏང་ཡོད་མོད། འོན་ཀྱང་ལས་བཟོ་བ་ལས་ཁུངས་ནས་ཕུད་མི་ཆོག་པ་བཟོས་ཡོད་ཅིང་། སྲིད་གཞུང་གིས་ཁེ་ལས་འདི་དག་ལ་ཁ་གསབ་རོགས་དངུལ་སྤྲོད་ངེས་རེད།

ལོ་ཙཱ་བ། བན་དེ་སྐྱབས།