སེར་ཝེ་ཡའི་རྒྱལ་ས་ཛ་དྲག་གི་གནས་སུ་གྱར་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས།
2020.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཚེས་གསུམ་ཉིན་སེར་ཝེ་ཡའི་རྒྱལ་ས་པེར་ཀེ་རེ་ཏེ་ཛ་དྲག་གི་གནས་སུ་གྱར་ནས། རིམས་ནད་གསར་པ་མཆེད་རྒྱུ་བཀག་འགོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

པེར་ཀེ་རེ་ཏེའི་ཧྲི་ཀྲང་ལ་ཏུའོ་དབྱི་ཆི་ཆི་ཡིས་དེ་ཉིན་གསལ་བསྒྲགས་ཤིག་ནང་བཤད་རྒྱུར། གསར་དུ་འཕར་བའི་ནད་པ་རྒྱུན་མཐུད་ངང་འཕར་སྣོན་བྱུང་བར་མ་ཟད། སེར་ཝེ་ཡའི་ནད་པ་ཡི་བརྒྱ་ཆའི་བརྒྱད་ཅུ་ཡན་གྱི་གསར་སྣོན་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་པེར་ཀེ་རེ་ཏེ་ནས་ཡིན་པས། པེར་ཀེ་རེ་ཏེ་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་དེ་ཛ་དྲག་གི་གནས་སུ་གྱར་བ་གཏན་འབེབས་བྱས་ཡོད་ཟེར།

གསལ་བསྒྲགས་དེ་དང་མཉམ་དུ་གནས་སྐབས་ཀྱི་རིམས་འགོག་བྱེད་ཐབས་མང་པོ་ཁྱབ་བསྒྲགས་བྱས་པ་རེད། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་བར་པེར་ཀེ་རེ་ཏེ་གྲོང་ཁྱེར་ནང་ཁུལ་གྱི་ཟ་ཁང་དང་ཆང་ཁང་སོགས་ཉིན་ལྟར་ཆུ་ཚོད་ཉེར་གསུམ་ནས་ཕྱི་ཉིན་གྱི་ཆུ་ཚོད་དྲུག་བར་ལས་གཉེར་བྱེད་མི་ཆོག་པ་དང་། ཁང་པའི་ནང་གི་མི་བརྒྱ་ཡན་དང་ཁང་པའི་ཕྱིའི་མི་ལྔ་བརྒྱ་ཡན་གྱི་འདུ་འཛོམས་གཉེར་མི་ཆོག མང་ཚོགས་ཀྱིས་ཁང་པའི་ནང་གི་སྤྱི་པའི་འདུ་གནས་དང་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཐོག་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་སོགས་ཀྱི་གཏན་འབེབས་བཟོས་ཡོད་འདུག

གསལ་བསྒྲགས་ནང་གཏན་འབེབས་ལས་འགལ་ཏེ་ཁ་ཐུམ་མི་རྒྱག་མཁན་ལ། སེར་ཝེ་ཡའི་སྒོར་མོ་སྟོང་ལྔའི་དངུལ་ཆད་གཅོད་རྒྱུ་གཏན་འབེབས་བྱས་ཡོད་འདུག

སེར་ཝེ་ཡ་རུ་རིམས་ནད་གསར་པ་ཡང་བསྐྱར་འཕར་ནས་ཉིན་མང་པོར་བསྟུད་མར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཉིས་བརྒྱ་ལས་བརྒལ་ཡོད་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། སེར་ཝེ་ཡ་རུ་ཚེས་གསུམ་ཉིན་ནད་པ་སུམ་བརྒྱ་དང་དགུ་ཡིས་ཇེ་མང་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་པ་ཁྲི་གཅིག་དང་སྟོང་ལྔ་ལྔ་བརྒྱ་བཞི་གཏན་འཁེལ་བྱས་པ་དང་། སྔ་ཕྱི་སྡེབ་རྩིས་བྱས་ན་ཁྱོན་བསྡོམས་མི་ཉིས་བརྒྱ་གོ་བརྒྱད་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཅིང་། ད་ལྟ་གཏན་ཁེལ་བྱས་པའི་ནད་པ་སྟོང་གཉིས་བརྒྱ་དང་ཞེ་གཉིས་ཡོད་པ་རེད།

རིམས་ནད་ཀྱི་གནས་ཚུལ་ཛ་དྲག་ཡོད་པའི་དབང་གིས། སེར་ཝེ་ཡའི་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཤིན་ཕ་ཀྲའར་དང་ཁེ་ལ་ཀུའུ་ཡེ་ཝ་ཚི། ཐུའུ་ཐིང་དང་དེ་བཞིན་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཧྥུ་ལ་ཉེ་སོགས་ཀྱིས་འདས་ཟིན་པའི་གཟའ་འཁོར་གཅིག་ནང་ཛ་དྲག་གི་རྣམ་པ་ཞིག་ཏུ་སླེབས་པ་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པ་རེད།

ཟླ་གསུམ་པའི་ཟླ་འགོར་རིམས་ནད་བྱུང་བ་ནས་བཟུང་། སེར་ཝེ་ཡས་བྱ་ཐབས་མང་པོ་སྤྱད་དེ་རིམས་ནད་མཆེད་རྒྱུ་བཀག་འགོག་བྱས་པ་དེའི་ནང་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ཚུད་ཡོད། མཐའ་མཚམས་ཀྱི་འགག་སྒོ་དང་སློབ་གྲྭ་སྒོ་རྒྱག་རྒྱུ་དང་། སྤྱི་པའི་འགྲིམ་འགྲུལ་གནས་སྐབས་མཚམས་འཇོག་རྒྱུ་དང་དེ་བཞིན་མཚན་འགྲུལ་བཀག་འགོག་བྱེད་རྒྱུ་སོགས་ཚུད་ཡོད། སེར་ཝེ་ཡས་ཟླ་ལྔ་པའི་ཚེས་དྲུག་ཉིན་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་མེད་པར་བཟོས་པ་དང་འབྲེལ་ཏེ། ཟླ་ལྔ་པའི་ཚེས་བདུན་ཉིན་ནས་བཟུང་མཚན་འགྲུལ་བཀག་འགོག་མེད་པར་བཟོས་པ་རེད།

ལོ་ཙཱ་བ། བན་དེ་སྐྱབས།