སའེ་ནེ་ཀེལ་གྱིས་ཀྲུང་གོས་སེ་ནེ་ཅ་ཨར་ལ་རོགས་སྐྱོར་བྱས་པའི་སྐོར་གསུམ་པའི་རིམས་འགོག་དངོས་རྫས་དངོས་སུ་དང་ལེན་བྱས།
2020.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སའེ་ནེ་ཀེལ་གྱི་་འཕྲོད་བསྟེན་དང་སྤྱི་ཚོགས་འགུལ་སྐྱོད་པུའུ་ཡིས་ཚེས་གསུམ་ཉིན་སའེ་ནེ་ཀེལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་ཀྲུང་གོ་སྲིད་གཞུང་དང་སའེ་ནེ་ཀེལ་དུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་སའེ་ནེ་ཀེལ་ལ་རོགས་སྐྱོར་བྱས་པའི་སྐོར་ཐེངས་གསུམ་པའི་རིམས་འགོག་དངོས་རྫས་དང་ལེན་བྱས།

རོགས་སྐྱོར་དངོས་རྫས་སྤྲོད་ལེན་མཛད་སྒོའི་སྟེང་། སའེ་ནེ་ཀེལ་འཕྲོད་བསྟེན་དང་སྤྱི་ཚོགས་འགུལ་སྐྱོད་པུའུ་ཡི་དྲུང་ཡིག་ཆེན་མོ་ཨ་ལ་སི་ནེ་མུའུ་པིན་ཀི་ཡིས་ཙུང་ཐུང་ས་ལེ་དང་སའེ་ནེ་ཀེལ་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་སྲིད་གཞུང་གིས་རྒྱུན་མཐུད་སྒོས་སའེ་ནེ་ཀེལ་ལ་དངོས་རྫས་དང་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། སའེ་ནེ་ཀེལ་དུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་དང་ཨ་ལེ་པ་པ་སྤྱི་ཕན་ཐེབས་རྩ་ཚོགས་པས་རིམས་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ་བར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། སའེ་ནེ་ཀེལ་ལ་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་སྲིད་གཞུང་གིས་སྔ་གཞུག་ཏུ་ཐེངས་གསུམ་ལ་སའེ་ནེ་ཀེལ་ཕྱོགས་ལ་དངོས་རྫས་ཞལ་འདེབས་སུ་ཕུལ་ནས། རིམས་འགོག་གི་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་ཀྱིན་པའི་སའེ་ནེ་ཀེལ་གྱི་སྨན་བཅོས་མི་སྣར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱས་ཟེར།

ཁོས་བཤད་རྒྱུར། རིམས་ནད་ཀྱི་མདུན་དུ་སའེ་ནེ་ཀེལ་དང་ཀྲུང་གོས་མཐུན་སྒྲིལ་མཉམ་ལས་དང་དཀའ་ཁག་ཁྱད་སེལ་བྱས། སའེ་ནེ་ཀེལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་འཕྲོད་བསྟེན་ཁྱབ་ཁོངས་སུ་མཉམ་ལས་ལ་ཤུགས་བསྣན་ཚེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཅིས་ཀྱང་སྐུལ་འདེད་གཏོང་ངེས་ཡིན་ཟེར།

                                                                                                        ལོ་ཙཱ་བ། བཀྲ་ཤིས་འབུམ།