ཁེན་ནི་ཡས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་རྒྱལ་སྤྱིའི་འགྲུལ་སྐྱེལ་གནམ་གྲུ་སླར་གསོ་བྱ་རྒྱུ་རེད།
2020.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཁེན་ནི་ཡའི་སྲིད་གཞུང་གི་བཀོད་སྒྲིག་ལ་གཞིགས་ན། ཁེན་ནི་ཡས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་དེ་སྔའི་རིམས་ནད་གསར་པའི་རྐྱེན་གྱིས་གནས་སྐབས་མཚམས་འཇོག་བྱས་པའི་རྒྱལ་སྤྱིའི་འགྲུལ་སྐྱེལ་གནམ་གྲུ་དངོས་སུ་སླར་གསོ་བྱ་རྒྱུ་ཡིན་པ་རེད།

ཁེན་ནི་ཡའི་འཕྲོད་བསྟེན་པུའུ་ཀྲང་མུའུ་ཐ་ཞི·ཁ་ཀུའེ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ནེ་རོ་པིར་འཚོགས་པའི་བརྡ་གཏོང་ཚོགས་འདུའི་ཐོག་བཤད་དོན། ཁེན་ནི་ཡའི་འཕྲོད་བསྟེན་པུའུ་སོགས་སྡེ་ཚན་གྱིས་དེའི་ཐད་རྒྱལ་སྤྱིའི་ཡུལ་སྐོར་ཕྱོགས་སྟོན་བཟོས་ནས། རྒྱལ་སྤྱིའི་འགྲུལ་སྐྱེལ་གནམ་གྲུ་སླར་གསོ་ཐུབ་པའི་འགན་ལེན་བྱས་པ་དེས་རྒྱལ་ཁབ་དེའི་རིམས་ནད་འགོག་པའི་ལས་དོན་ལ་ཤུགས་རྐྱེན་བཟོ་མི་སྲིད། ཡུལ་སྐོར་ཕྱོགས་སྟོན་གྱིས་རྒྱལ་ཁབ་མི་འདྲ་བའི་རིམས་ནད་གནས་ཚུལ་དང་ཉེན་ཁའི་དཔྱད་དཔོག་ལ་གཞིགས་ནས་འགྲུལ་པར་རིགས་དབྱེ་རྒྱུ་རེད།

ཁ་ཀུའེ་ཡིས་འགྲུལ་པ་གནམ་ཐང་དུ་འདུ་འཛོམས་མི་ཡོང་བའི་ཆེད་དུ། ཁེན་ནི་ཡའི་སྲིད་གཞུང་གིས་སྒུལ་བདེའི་ཉེར་སྤྱོད་གོ་རིམ་ཞིག་བཏོན་ནས། འགྲུལ་པས་མི་སྒེར་གྱི་ཆ་འཕྲིན་སྔ་སྣུར་དུ་འབྲི་རྒྱུར་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད། བྱ་སྤྱོད་དེས་འགྲོ་འོང་བྱེད་པའི་གནམ་གྲུའི་ཁྲོད་ཀྱི་ནད་གཞི་གཏན་འཁེལ་དང་ནད་གཞི་འདྲ་བའི་ནད་དཔེ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་བཅས་ལ་རྗེས་སྙེག་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད།

ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་ཡིས་ཟླ་འདིའི་ཟླ་སྟོད་དུ། རྒྱལ་ཁབ་དེའི་ནང་རྒྱལ་ས་ནེ་རོ་པི་སོགས་ཀྱི་མང་ཚོགས་འགྲོ་འོང་གི་ཚོད་འཛིན་མེད་པ་བཟོ་རྒྱུ་དང་། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་དང་ཟླ་བརྒྱད་པའི་ཚེས་གཅིག་ཉིན་སོ་སོར་རྒྱལ་ནང་གི་གནམ་གྲུ་དང་རྒྱལ་སྤྱིའི་གནམ་གྲུ་སོགས་སླར་གསོ་བྱ་རྒྱུ་ཡིན་པ་བསྟན།

ལོ་ཙཱ་བ། བན་དེ་སྐྱབས།