འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་གསར་རིམས་ནད་ཀྱི་རྒྱུན་བསྲིང་ཡུན་ཚད་ཅུང་རིང་བས་དུས་ཡུན་རིང་བོའི་འགོག་སྲུང་བྱེད་ཐབས་དགོས་པ་ཁྱབ་སྒྲོག་བྱས།
2020.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། པྲོག་གསར་གློ་ཚད་རིམས་ནད་དེ་སྔར་བཞིན་རྒྱལ་སྤྱིའི་དོ་སྣང་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་དུ་གྱུར་ཡོད་པ་དང་། ཚོད་དཔག་བྱས་ན་རིམས་ནད་ཀྱི་རྒྱུན་བསྲིང་ཡུན་ཚད་ཅུང་རིང་བས་དུས་ཡུན་རིང་བོའི་འགོག་སྲུང་བྱེད་ཐབས་དགོས་ཟེར། 

ཟླ་ལྔ་བའི་ཚེས་གཅིག་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་དེ་རྒྱལ་སྤྱིའི་དོ་སྣང་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་དུ་གྱུར་ཡོད་པ་ཁྱབ་སྒྲོག་བྱས་ནས་ཟླ་ངོ་གསུམ་འགོར་ཡོད། རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག་གི་གཏན་འཁེལ་ལྟར་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྲོས་ཚོགས་བསྡུས་ཏེ། རིམས་ནད་ཀྱི་ད་ལྟའི་གནས་ཚུལ་ལ་གྲོས་བསྡུར་དང་དཔྱད་འཇོག་བྱས་པ་དང་། རིམས་ནད་འགོག་སྲུང་བྱེད་ཐབས་ཀྱི་གྲོས་གཞི་གསར་བསྒྱུར་བྱེད་རྒྱུ་མ་ཟད། ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྲོས་ཚོགས་གསལ་སྒྲོག་སྤེལ། 

གསལ་སྒྲོག་ལྟར་ན། ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གིས་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་དེ་སྔར་བཞིན་རྒྱལ་སྤྱིའི་དོ་སྣང་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་དུ་འཇོག་པར་གཅིག་གྱུར་ཡིད་འཐད་བྱུང་། ཞོར་དུ་ཚོད་དཔག་བྱས་ན་རིམས་ནད་དེ་དུས་ཡུན་ཅུང་རིང་བོ་འགོར་སྲིད་པས། སྡོད་ཁུལ་དང་རྒྱལ་ཁབ། ས་ཁོངས། འཛམ་གླིང་ཡོངས་བཅས་རིམ་པས་མུ་མཐུད་དུ་འགོག་སྲུང་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་ནན་བཤད་བྱས། 

ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་ནང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མུ་མཐུད་དུ་འཛམ་གླིང་ཡོངས་དང་ས་ཁོངས་ཀྱི་ཕྱོགས་མང་རྩ་འཛུགས། དེ་མིན་མཉམ་ལས་གྲོགས་པོ་བཅས་སྐུལ་གཏོང་བྱས་ཤིང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྲུང་དང་སྔོན་འགོག་བྱ་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འཕྲོད་བསྟེན་ཞབས་ཞུ་སྲུང་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཞོར་དུ། ཞིབ་འཇུག་མྱུར་དུ་བྱས་ནས་མཇུག་མཐར་ནད་བརྟག་ཡོ་བྱད་དང་བཅོས་ཐབས། འགོག་སྨན་བཅས་ཐོབ་པར་བྱེད་དགོས་པའི་གྲོས་གཞི་བཏོན། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་དང་ལེན་བྱེད་རྒྱུའི་ཚུལ་བསྟན། ཁོས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ནི་ལོ་བརྒྱར་ཐེངས་རེ་ལས་མི་བྱུང་བའི་བདེ་ཐང་ཉམས་ཉེན་ཤིག་ཡིན་ལ། དེའི་ཤུགས་རྐྱེན་ལོ་ངོ་བཅུ་ཕྲག་འགའི་རིང་རྒྱུན་བསྲིང་ངེས་རེད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།